ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཇེམ་སི་ཐེན་ཆབ་སྲིད་གྲོས་ཚོགས་ཁོངས་ནས་ཕྱིར་ཕུད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཧོང་ཀོང་གི་གུ་ཡངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཇེམ་སི་ཐིན་གྱིས་སྲིད་སྐྱོང་ལེང་ཁྲུང་དབྱིང་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་འབོད་སྐུལ་ཞུས་པས། རྒྱ་ནག་གཞུང་གིས་ཇེམ་སི་ཐེན་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་ནས་ཕྱིར་ཕུད་བྱས་འདུག་ཅིང་། འདི་ནི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཞིག་གིས་ཆབ་སྲིད་ཀྱི་ལྟ་བ་ཐ་དད་བཟུང་སྟེ། ཁོང་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་ནས་ཕྱིར་ཕུད་བྱས་པ་ཐེངས་དང་པོ་ཡིན་པ་མ་ཟད། ད་ཐེངས་ཀྱི་ཐག་གཅོད་དེས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྲིད་དོན་ལྟ་བ་མི་མཐུན་པ་ཚོར་ནོན་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྟགས་མཚན་མངོན་པ་དང་། རྒྱ་ནག་གི་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༡༠་ཚེས་༢༩་ཉིན་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་འཐུས་མི་ཚོས་འོས་ཤོག་འཕངས་ཏེ། ཧོང་ཀོང་གི་འཐུས་མི་ཇེམ་སི་ཐེན་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་ནས་ཕྱིར་ཕུད་བྱ་རྒྱུའི་ཐག་གཅོད་བྱས་འདུག དེར་བརྟེན་ཧོང་ཀོང་གི་གུ་ཡངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཇེམ་སི་ཐེན་གྱིས་གསར་འགོད་ལྷན་ཚོགས་སྐོང་བ་དང་། ཁོང་གིས་ང་དོ་དགོང་གི་ཚོགས་འདུའི་ཐོག་ཏུ་གུ་ཡངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་ལས་གནས་ནས་གནང་བ་ཞུས་པ་ཡིན། ང་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱི་ལས་གནས་ནས་གནང་བ་ཞུས་ནས་གྲོས་ཚོགས་འཐུས་མི་ཞིག་གི་ངོས་ནས་ལས་དོན་བསྒྲུབ་ཚེ། ངས་མ་འོངས་པའི་ལོ་གཉིས་ཀྱི་རིང་དུ་ཧོང་ཀོང་མི་དམངས་ལ་སྲི་ཞུ་གང་ལེགས་ཞུ་ཐུབ་པ་དང་། ངས་གུ་ཡངས་སྲིད་དོན་ཚོགས་པ་གཅིག་པུ་མིན་པར་ཧོང་ཀོང་མི་དམངས་སྤྱི་ཡོངས་ཀྱི་བདེ་སྡུག་ལ་སྐད་ཆ་བཤད་ཐུབ། རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་རྒྱུན་ལས་འཐུས་མི་ཚོས་ཐག་གཅོད་གང་བྱས་པ་དེར་ངས་བརྩི་བཀུར་ཞུ་རྒྱུ་ཡིན། ངས་ཧོང་ཀོང་གི་སྲིད་སྐྱོང་ལེང་ཁྲུང་དབྱིང་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་འབོད་སྐུལ་དང་ནན་བརྗོད་བྱས་པ་མ་འགྲིག་པ་འདྲ། ངས་རང་ཉིད་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པ་བརྗེད་པ་རེད། ད་ལྟ་ཧོང་ཀོང་འཛིན་སྐྱོང་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་ཡོད་པས། ངས་སྲིད་སྐྱོང་ལེང་ཁྲུན་དབྱིང་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་བཤད་པ་ཡིན། འདས་པའི་ལོ་ངོ་དེ་དག་གི་རིང་དུ་ང་པེ་ཅིང་ལ་ཚོགས་པའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་བྱས་ཀྱང་། ང་ལ་རང་ཉིད་ཧོང་ཀོང་མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་འཐུས་མི་ཞིག་དང་། ཧོང་ཀོང་གི་གུ་ཡངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཡིན་པའི་འདུ་ཤེས་ཤིག་ལས། ང་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་འདུ་ཤེས་ནམ་ཡང་སྐྱེས་མྱོང་མེད། ང་ལ་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་འདུ་ཤེས་ཤིག་སྐྱེས་མྱོང་མེད་པ་དེ་ངའི་ནོར་འཁྲུལ་ཡིན་སྲིད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལེན་འདེབས་བྱས་འདུག

XS
SM
MD
LG