ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

ཨ་རིས་ལྐོག་ཏུ་ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་སྤྲད་པ་ངེས་གཏན་བྱུང་།


ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་སྤྲོད་རྒྱུའི་ཆོག་མཆན་བཀོད།
ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་སྤྲོད་རྒྱུའི་ཆོག་མཆན་བཀོད།

༄༅།། སྲིད་འཛིན་བྷ་ཌན་གྱིས་གཟའ་ལྷག་པའི་ཉིན་དེ་རིང་ནི་འཛམ་གླིང་ཞི་བདེར་ཚེས་བཟང་དུས་བཟང་ཞིག་རེད་ཅེས་ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་དང་ཨི་སི་རལ། ཐེ་ཝན་བཅས་ལ་ཨ་སྒོར་དུང་ཕྱུར་༩༥༠་ཐམ་པ་དམག་དོན་རོགས་དངུལ་སྤྲོད་རྒྱུའི་གྲོས་ཆོད་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན། ཕྱི་ཟླ་༤་པའི་ཚེས་༢༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀས་ཡུཀ་རེན་ལ་ལྐོག་ཏུ་སྤྲད་པའི་རྒྱང་སྙོབ་འཕེན་ཕོག་འཕུར་མདེལ་ཁག་གིས་ཨུ་རུ་སུའི་དམག་ལ་རྒོལ་རྡུང་བྱ་རྒྱུ་མགོ་བརྩམས། བདུན་ཕྲག་སྔོན་མར་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཡོད་པའི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་དམག་གི་གནམ་ཐང་ཞིག་དང་གཟའ་མིག་དམར་གྱི་མཚན་མོར་ཨུ་རུ་སུའི་དམག་སྒར་ཞིག་ལ་རྒོལ་རྡུང་ཕོག ན་ནིང་ཕྱི་ཟླ་༡༠་པའི་ནང་དུ་ཡུཀ་རེན་ལ་ལྐོག་ཏུ་སྤྲད་པའི་ཨ་རིའི་འཕུར་མདེལ་རྣམས་སྤྱི་ལེ་༣༠༠་ཐམ་པར་སྙོབ། ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས། ཁེ་རེ་མཱི་ཡ་གླིང་ཟུར་བཅས་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ས་གནས་མང་ཆེ་བར་ཨ་རིའི་འཕུར་མདེལ་དེ་རྣམས་སྙོབ་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་
སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་

གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་གྱིས་ང་ཚོས་རྒྱང་སྙོབ་འཕུར་མདེལ་ཁག་ཅིག་སྤྲད་ཟིན། ད་ལྟ་ང་ཚོར་དབང་ཚད་དང་དངུལ་སྒོར་འཐོལ་པ་རག་ཡོད་པས་མང་ཙམ་སྤྲོད་རྒྱུ་ཡིན་ཟེར། ཉེ་ཆར་སྲིད་འཛིན་བྷ་ཌན་གྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༣་དམག་དོན་རོགས་དངུལ་སྤྲོད་རྒྱུའི་ཐག་བཅད། ཕྱི་ཟླ་༢་པ་དང་༣་པའི་ནང་དུ་ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་སྤྲོད་རྒྱུའི་ཆོག་མཆན་བཀོད། ཟླ་བ་སྔོན་མར་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་ཅི་ཙམ་སྤྲད་ཡོད་མེད། ཡུཀ་རེན་ལ་འཕྲལ་དུ་ཨ་སྒོར་དུང་ཕྱུར་བཅུའི་རིན་འབབ་ཀྱི་མཚོན་ཆ་གཏོང་གི་ཡོད་པ་དེའི་ཁོངས་སུ་རྒྱང་སྙོབ་འཕུར་མདེལ་ཅི་ཙམ་ཡོད་མེད་རྣམས་ཕྱི་རུ་མ་བསྒྲགས། ཡུཀ་རེན་གྱིས་སྔ་ལོ་ནས་རྒྱང་སྙོབ་འཕུར་མདེལ་སྤྲོད་རོགས་བྱོས་ཞེས་ཨ་མི་རི་ཀར་འབོད་སྐུལ་ཞུས།།

ཡུཀ་རེན་ལ་ལྐོག་ཏུ་རྒྱང་སྙོབ་འཕུར་མདེལ་སྤྲད་པ་དེ་གསང་བ་བྱས་ནས་ཕྱིར་བསྒྲགས་མ་བྱས་པས་གྲོས་ཚོགས་འཐུས་མི་ཁག་དང་ལས་སྣེ་གཞན་ཚོས་ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་སྤྲོད་དགོས་ཞེས་སྲིད་འཛིན་བྷ་ཌན་ལ་གནོན་ཤུགས་སྤྲད། ཨ་མི་རི་ཀས་ཡུན་རིང་ཞིག་ལ་རྒྱང་སྙོབ་འཕུར་མདེལ་མ་སྤྲད་པར་རྒྱུ་མཚན་ཡོད་པ་སྟེ། ཡུཀ་རེན་གྱིས་ཨ་མི་རི་ཀས་སྤྲད་པའི་རྒྱང་སྙོབ་འཕུར་མདེལ་ཁག་གིས་ས་མཚམས་བརྒལ་ནས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱས་ན་དམག་འཁྲུག་གི་ཛ་དྲག་ཆེ་རུ་འགྲོ་སྲིད། ཡུཀ་རེན་གྱི་དམག་འཁྲུག་དེ་ཨ་རི་དང་ཨུ་རུ་སུའི་འཐབ་འཁྲུག་ཅིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པར་སྐྲག ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཁེ་རི་སི་ཊོ་ཧྥར་གྷ་ར་ཌིས་་ཕོ་བྲང་དཀར་པོ་དང་དམག་དོན་འཐབ་ཇུས་པ་ཚོས་ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་སྤྲད་ན་ཉེན་ཁ་ཡོད་མེད་སོགས་ལ་ཞིབ་འཇུག་དོ་ནན་བྱས་པ་ཡིན། ད་ནི་རྒྱང་སྙོབ་འཕུར་མདེལ་སྤྲོད་པའི་དུས་ལ་བབས་ཡོད་པས་སྤྲད་པ་ཡིན་ཞེས་ངེས་གཏན་བྱས་འདུག

ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཁེ་རི་སི་ཊོ་ཧྥར་གྷ་ར་ཌིས་
ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཁེ་རི་སི་ཊོ་ཧྥར་གྷ་ར་ཌིས་

མཉམ་འབྲེལ་གསར་ཁང་གི་བཅར་འདྲིའི་སྐབས་སུ་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པས་ཡུཀ་རེན་ལ་སྤྲད་པའི་རྒྱང་སྙོབ་མཚོན་ཆ་དེ་ཚོས་ཐག་རིང་དུ་ཡོད་པའི་ཨུ་རུ་སུའི་དམག་སྒར་ཁག་དང་དམག་རྒྱག་གི་མཐུན་རྐྱེན་འཇོག་ཡུལ་རྣམས་རྩ་གཏོར་གཏོང་ཐུབ། མཚོན་ཆ་དེ་ཚོ་བཀོལ་སྤྱོད་ཚུལ་བཞིན་བྱེད་ཐུབ་ན་གཏོར་རྒོལ་གྱི་ནུས་པ་ཧ་ཅང་ཆེན་པོ་ཡོད། ང་མཚོན་ཆ་དེ་དག་གི་ནུས་པར་ཡིད་ཆེས་ཡོད་ཅེས་བཤད། ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་རིགས་གང་གང་སྤྲོད་ཀྱི་ཡོད་མེད་རྣམས་གསལ་བཀྲོལ་མ་བྱུང་ཞིང་། ཡུཀ་རེན་ལ་མཚོན་ཆ་རིགས་གང་འདྲ་ཞིག་སྤྲད་ཀྱང་དམག་འཁྲུག་དེ་ཆེ་རུ་གཏོང་རྒྱུ་ཡིན་མིན་ཐད་ཞིབ་འཇུག་བྱ་རྒྱུ་གཙིགས་སུ་བཟུང་། ཨ་རིའི་མཚོན་ཆ་དེ་ཚོས་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཨུ་རུ་སུའི་བཙན་འཛུལ་དམག་དཔུང་ཡོད་ས་ཡུཀ་རེན་གྱི་ས་ཐོག་ཏུ་གཏོར་རྒོལ་བྱེད་ཆོག་ཅེས་ཆ་རྐྱེན་བཏོན།།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝེ་དནྟ་པ་ཊེལ་ནས་སྲིད་འཛིན་བྷ་ཌན་གྱིས་རྒྱལ་སྲུང་སློབ་སྟོན་ཁང་གི་ལས་སྣེ་ཚོར་རྒྱང་སྙོབ་འཕུར་མདེལ་དེ་རྣམས་ཡུཀ་རེན་གྱི་ས་ཐོག་འབབ་ཞིག་ཏུ་མ་གཏོགས་འཕེན་མི་ཆོག་པའི་གོ་བརྡ་གསལ་པོ་འཕྲོད་དགོས་པའི་བཀོད་ཁྱབ་བཏང་སོང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་གྷ་ར་ཌིས་ངས་བལྟས་ཀྱང་དུས་ཚོད་དེ་བསླེབས་འདུག ད་ལྟའི་འཐབ་འཁྲུག་གི་གནས་སྟངས་ལ་གཞིགས་ནས་སྲིད་འཛིན་བྷ་ཌན་གྱིས་རྒྱང་སྙོབ་འཕུར་མདེལ་སྤྲོད་དགོས་པའི་ཐག་བཅད་པ་རེད། དེ་ནི་བསམ་ཞིབ་གཟབ་ནན་བྱས་པའི་ཐག་གཅོད་ཅིག་ཡིན་པ་དང་ང་ཚོར་རྟིང་ཐག་ཆོད་དུ་འཇུག་འདོད་ཡོད། ཡིན་ནའང་མཚོན་ཆ་གསར་པ་ཅི་ཞིག་སྤྲད་ཀྱང་དེའི་མཇུག་འབྲས་དང་དམག་འཁྲུག་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་མིན་སོགས་ལ་བསམ་ཞིབ་བྱ་དགོས་ཀྱི་འདུག་ཅེས་བཀྲལ།།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝེ་དནྟ་པ་ཊེལ་
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝེ་དནྟ་པ་ཊེལ་

ཕྱི་ཟླ་༤་པའི་ཚེས་༢༡་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མས་ཟླ་བ་༦་ལྷག་ལ་ཡུཀ་རེན་གྱི་དམག་དོན་རོགས་དངུལ་བཀག་སྟེ་ཨུ་རུ་སུའི་དཔུང་སྟོབས་རྒྱས། ཡུཀ་རེན་གྱི་ཤར་ཕྱོགས་གྲོང་གསེབ་ཁག་ཅིག་ཨུ་རུ་སུའི་ལག་ཏུ་ཤོར། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཨོ་ཆེ་རེ་ཊི་ནེ་གྲོང་གསེབ་དམིགས་འབེན་དུ་བཟུང་ནས་དཔུང་འཇུག་བྱེད་ཀྱི་ཡོད་པར་མ་ཟད། ཡུཀ་རེན་གྱི་དམག་ལ་སྒྱོགས་མདེལ་དང་འཕུར་མདེལ། མདེའུ་མེད་པར་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱེད་པའི་སྟོབས་ཤུགས་ཉམས། ད་ལོའི་ཕྱི་ཟླ་༢་ནང་ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱས་ནས་ཡུཀ་རེན་གྱི་བཟོ་ལས་གྲོང་རྡལ་ཨབ་ཌིབ་ཀ་བླངས། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོར་དམག་མི་དང་སྒྱོགས་མདེལ་མང་ཉུང་ཁྱད་པར་ཤོར་ཏེ་ཨུ་རུ་སུའི་དམག་དཔུང་འགོག་ཐུབ་ཀྱི་མི་འདུག ཨུ་རུ་སུར་དམག་མི་༡༠་དང་སྒྱོགས་མདེལ་༡༠་ཡོད་ན་ཡུཀ་རེན་ལ་དམག་མི་༡་དང་སྒྱོགས་མདེལ་༡་ལས་མི་འདུག་ཅེས་དམག་སའི་དངོས་ཡོད་གནས་སྟངས་རྣམས་ངོ་འཕྲོད་དུ་བཅུག

འཕུར་མདེལ་ཁག་གིས་ཨུ་རུ་སུའི་དམག་ལ་རྒོལ་རྡུང་བྱ་རྒྱུ་མགོ་བརྩམས།
འཕུར་མདེལ་ཁག་གིས་ཨུ་རུ་སུའི་དམག་ལ་རྒོལ་རྡུང་བྱ་རྒྱུ་མགོ་བརྩམས།

ཡུཀ་རེན་གྱི་དམག་དོན་དྲྭ་ལམ་གསར་འགོད་པ་བྷོ་དྷན་མཱི་རོ་ཤ་ནི་ཀོབ་ཞེས་པ་ཞིག་གིས་ནོ་ཝོ་བྷག་མུ་ཏིབ་ཀ་གྲོང་གསེབ་ཏུ་དགྲ་དམག་གིས་དཔུང་འཇུག་བྱས་ནས་ཡོང་གི་འདུག སྔོན་ཆད་ཨུ་རུ་སུའི་དམག་གིས་གྲོང་གསེབ་དེའི་ལྷོ་ཕྱོགས་མ་གཏོགས་འཛིན་ཐུབ་མེད་པ་རེད། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་གིས་གྲོང་གསེབ་དེའི་༤་ཆའི་༣་བླངས་ཚར་འདུག་ཅེས་གསར་འགྱུར་སྤེལ། ཨུ་རུ་སུའི་དམག་གིས་བྷར་ཌི་ཆི་དང་སེ་མེ་ནིབ་ཀ་གྲོང་གསེབ་གཉིས་ལའང་དཔུང་འཇུག་བྱ་རྒྱུའི་གྲབས་བཤམས། ཨ་མི་རི་ཀས་མཚོན་ཆ་རོགས་རམ་སྤྲད་པ་རྣམས་མྱུར་དུ་མ་འབྱོར་ན་ཡུཀ་རེན་གྱི་གྲོང་གསེབ་ཁག་ཅིག་ཨུ་རུ་སུའི་དམག་གིས་ལེན་རྒྱུའི་ཉེན་ཁ་ཆེ་ཞེས་གསར་འགྱུར་སྤེལ། མིང་འདོན་མ་བྱས་པའི་ཡུཀ་རེན་གྱི་ཤར་ཕྱོགས་དམག་དཔུང་བཀོད་འདོམས་པ་ཞིག་གིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཨུ་རུ་སུའི་དམག་གིས་ཨོ་ཆེ་རེ་ཊི་ནེ་བླངས་ན་ཡུཀ་རེན་གྱི་དམག་དོན་ལ་གནད་འགག་ཆེ་བའི་ས་གནས་༣་མེ་སྒྱོགས་ཀྱི་རྒོལ་རྡུང་འོག་ཏུ་ཚུད་ས་རེད་ཅེས་བསྟན།།

ཕྱི་ཟླ་༤་པའི་ཚེས་༢༤་ཉིན་དར་འཕྲིན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་དཔུང་བརྗེ་པོ་བརྒྱབ་སྟེ་མདུན་ས་ཁག་ཅིག་ལ་སྲུང་སྐྱོབ་པ་མེད་པར་སྟོང་པར་ལུས། དེ་ནས་ཨུ་རུ་སུའི་དམག་གིས་གོ་སྐབས་བཟུང་སྟེ་དཔུང་འཇུག་བྱས་ནས་ཡུཀ་རེན་གྱི་ས་ཁྱོན་དབྱིན་ལེ་༥་ཤོར། དེ་བཞིན་ཡུཀ་རེན་གྱི་དཔུང་སྡེ་༤༧་པ་དམག་ས་ནས་ཕྱིར་འཐེན་བྱ་དགོས་བྱུང་བས་ཨོ་ཆི་རེ་ཊི་ནེ་གྲོང་གསེབ་ཨུ་རུ་སུའི་དམག་གིས་ལེན་ཐུབ་རྒྱུའི་རྟགས་མཚན་གསལ་པོ་ཐོན། ཡུཀ་རེན་གྱི་དཔུང་སྡེ་༤༧་པར་ནུབ་ཆིངས་ཀྱིས་དམག་སྦྱོང་སྤྲད་པ་དང་ཨ་རིའི་འཐབ་འཁོར་སྤྲད། ན་ནིང་དབྱར་དུས་ནས་ཡུཀ་རེན་གྱི་དཔུང་སྡེ་༤༧་པས་ལོ་གཅིག་གི་རིང་ངལ་གསོ་མེད་པར་འཐབ་འཁྲུག་བརྒྱབ་སྟེ་ངལ་དུབ་ཀྱིས་མནར། དཔུང་སྡེ་༤༧་པའི་བཀོད་འདོམས་པ་མཱི་ཀོ་ལ་མེལ་ནི་ཀ་ཞེས་པ་ཞིག་གིས་རུ་ཤོག་ཁག་ཅིག་གིས་འཐུས་ཤོར་བཏང་ནས་ཨུ་རུ་སུའི་དམག་དཔུང་མདུན་སྐྱོད་ཐུབ་པ་རེད། ཁོ་ཚོར་བསྐྱར་དུ་སྦྱོང་བརྡར་གསར་པ་སྤྲད་ནས་ཕར་རྒོལ་གྱི་དཔུང་སྡེ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་སྤྱི་ཚོགས་དྲྭ་ལམ་དུ་མཆན་བྲིས་འདུག

གླེང་སྟེགས།

XS
SM
MD
LG