ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༠༦

ཚེ་རིང་རྣམ་རྒྱལ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་སྐད་ཆ་འདྲི་རྒྱུ་ཡིན་ཟེར།


ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་
ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་

༄༅།། ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་སྐད་ཆ་དྲིས་ནས་མ་འོངས་པར་ཅི་ཞིག་བྱ་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག ཕྱི་ཟླ་༤་པའི་ཚེས་༢༥་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་ཚོགས་པས་གྲོགས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་བསྐྱར་དུ་སྲིད་དོན་ཚོགས་པ་དེའི་གྲོས་ཚོགས་འཐུས་མིའི་འོས་མིར་མ་བདམས། ཁོང་གི་ཚབ་ཏུ་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་ཡན་ལག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲ་ཤིས་རྒྱལ་མཚན་འདེམས་བསྐོ་བྱས་ཤིང་། ལ་དྭགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་གིས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་སྲིད་དོན་ཚོགས་པ་གང་གི་ཁོངས་སུའང་མ་ཞུགས་རང་ངོས་ནས་གྲོས་ཚོགས་འཐུས་མིར་ལང་དགོས་ཞེས་ནན་གྱིས་བསྐུལ།།

བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་ཡན་ལག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲ་ཤིས་རྒྱལ་མཚན་
བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་ཡན་ལག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲ་ཤིས་རྒྱལ་མཚན་

གཟའ་ཕུར་བུའི་ཉིན་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གླེའི་གནམ་ཐང་དུ་འབྱོར་མ་ཐག་ཏུ་རྒྱབ་སྐྱོར་བ་ཚོས་སྐད་གསང་མཐོན་པོས་དགའ་བསུ་ཞུས། ཁོང་གིས་ངས་མ་འོངས་པར་ཅི་ཞིག་བྱ་དགོས་མིན་ཐད་མི་མང་རྒྱལ་སྐྱོར་བ་ཚོར་སྐད་ཆ་དྲིས་ནས་ཐག་གཅོད་བྱ་རྒྱུ་ཡིན། བཀྲ་ཤིས་རྒྱལ་མཚན་གྲོས་ཚོགས་འཐུས་མིའི་འོས་མིར་བདམས་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད་ཤས་ཆེ། ཡིན་ནའང་མི་མང་འདི་ཚོར་འཇིགས་སྐུལ་བྱེད་མཁན་མེད་པར་དང་བླངས་ཐོག་ཏུ་འདི་གར་ཡོང་བ་རེད། ཁོ་ཚོར་བློ་ཕམ་བྱུང་ཡོད་པ་དང་རེ་འདུན་ཅི་ཡིན་གསལ་སྟོན་བྱེད་ཀྱི་འདུག ང་ལའང་སེམས་ཚོར་དྲག་པོ་ཞིག་བྱུང་སོང་། ངས་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ཐག་གཅོད་དེའི་དགོས་པ་ཅི་ཡིན་གསལ་པོ་ཞིག་བཤད་ཐུབ་ཀྱི་མི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

འདས་པའི་ལོ་ལྔའི་རིང་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལ་དྭགས་ཀྱི་ཕྱོགས་བཞི་མཚམས་བརྒྱད་མྱུལ། ལ་དྭགས་མི་དམངས་ཀྱི་བདེ་སྡུག་ལ་དོ་ཁུར་བླངས། ཁོང་གིས་ངས་ཉིན་ལྟར་དབུས་ཐད་སྐྱོང་མངའ་ཁུལ་འདི་འཕེལ་རྒྱས་འགྲོ་ཐབས་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐབས་བྱས་པ་ཡིན། ང་ཚོས་འབད་བརྩོན་བྱས་ནས་མཁར་དཀྱིལ་ཕྱོགས་སུ་འོས་བསྡུའི་གྲུབ་འབྲས་ཐོན་ཡོད། གླེའི་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མིའི་འོས་བསྡུ་ཡང་བྷི་ཇེ་པི་སྲིད་དོན་ཚོགས་པར་ཐོབ་པ་རེད། ངས་ལ་དྭགས་ཁུལ་དུ་བྷི་ཇེ་པི་ཚོགས་པར་བྱས་རྗེས་ཅུང་ཙམ་བཞག་ཡོད། ང་མུ་མཐུད་དུ་བྷི་ཇེ་པི་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མིར་མ་བདམས་པའི་རྒྱུ་མཚན་ཅི་ཡིན་ཤེས་ཀྱི་མེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ (Sansad TV)
གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ (Sansad TV)

ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ངས་སྲིད་དོན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་ང་སྲིད་དོན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་འགལ་འཛོལ་བྱུང་བ་རེད་དམ། ངས་གྲོས་ཚོགས་སུ་ལས་དོན་མ་གྲུབ་པ་རེད་དམ། དེ་མིན་ན་ངས་སྤྱོད་ངན་སྤེལ་ནས་གཡོ་ཁྲམ་བྱས་པ་རེད་དམ་ཞེས་དྲིས་པ་ཡིན། ངའི་རྒྱབ་སྐྱོར་བ་ཚོས་ཀྱང་དེའི་རྒྱུ་མཚན་ཤེས་ཀྱི་མི་འདུག མི་མང་གིས་བྷི་ཇེ་པི་ཚོགས་པས་ཐག་གཅོད་འདི་འདྲ་ཞིག་བྱ་རྒྱུ་རེད་བསམས་མི་འདུག ང་ཚོས་བྷི་ཇེ་པི་ཚོགས་པའི་ཐག་གཅོད་ལ་ངོ་རྒོལ་བྱེད་ཀྱི་མེད། ངས་བཀྲ་ཤིས་རྒྱལ་མཚན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལ་དྭགས་མི་དམངས་ལ་བཀྲ་ཤིས་རྒྱལ་མཚན་ངོས་ལེན་བྱ་རྒྱུའི་འདོད་པ་དང་གྲ་སྒྲིག་མི་འདུག བྷི་ཇེ་པི་ཚོགས་པས་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་གདན་ཐོབ་བཟུང་ཡོད་པ་རྒྱུན་འཛིན་ཐུབ་མིན་དེར་བསམ་བློ་གཏོང་དགོས་ཞེས་བཀྲལ།།

ཕྱི་ཟླ་༤་པའི་ཚེས་༢༤་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༤༨་ལ་སོན་པའི་བྷི་ཇེ་པི་ཚོགས་པའི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མི་གསར་པ་བཀྲ་ཤིས་རྒྱལ་མཚན་ནི་༡༩༩༧་ལོར་སྲིད་དོན་ཚོགས་པ་དེའི་ཁོངས་སུ་ཞུགས། ཕྱི་ལོ་༢༠༠༠་ལོར་བྷི་ཇེ་པི་ཚོགས་པའི་ཁོངས་ནས་ཕྱི་རུ་ཐོན་པ་དང་༢༠༡༩་ལོར་བསྐྱར་དུ་ཞུགས། ལོ་ལྔའི་གོང་དུ་སྲིད་བློན་མི་དྷིའི་གཞུང་གིས་རྩ་ཁྲིམས་དོན་ཚན་༣༧༠་ཐམ་པ་ཕྱིར་བསྡུ་བྱས་ནས་ཇམ་མུ་ཀསྨིར་དང་ལ་དྭགས་ཟུང་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། ཐོག་མར་ལ་དྭགས་ཀྱི་ནང་པ་ཚོས་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་ཐོབ་རག་པར་དགའ་བསུ་ཞུས་ཀྱང་རིམ་བཞིན་མངའ་སྡེའི་ཐོབ་ཐང་རྩོད་འགོ་ཚུགས། བཀྲ་ཤིས་རྒྱལ་མཚན་ནི་ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་ཐོབ་ཐང་རྩོད་མཁན་གཙོ་གྲས་ཤིག་ཡིན་མོད། འོན་ཀྱང་ཁོང་གིས་ལ་དྭགས་ལ་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་དགོངས་དོན་ལྟར་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱེད་མཁན་ཞིག་མ་རེད་ཅེས་གནས་ཚུལ་སྤེལ་འདུག

ཉམས་ཞིབ་པ་ཁག་ཅིག་གིས་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱ་རྒྱུ་ཤུགས་ཆེ་དྲགས་པ་མིན་ནམ། དེར་བརྟེན་ཁོ་པ་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་འོས་མིར་མ་བདམས་པ་འདྲ་ཞེས་ཚོད་དཔག་བྱས་འདུག བཀྲ་ཤིས་རྒྱལ་མཚན་གྱིས་ངའི་ལངས་ཕྱོགས་ནི་གྲོས་མོལ་མཚམས་ཆད་མི་ཉན་པ་དེ་ཡིན། ང་ཚོར་གྲོས་མོལ་ཅི་ཞིག་ཡིན་རུང་བྱ་འདོད་ཡོད། སྲིད་གཞུང་གིས་ལ་དྭགས་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་མིན་ཟེར་གྱི་མི་འདུག གྲོས་མོལ་མཚམས་ཆད་ན་དགེ་སྐྱོན་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ལ་བསམ་ཞིབ་བྱ་དགོས། རྒྱ་གར་དབུས་གཞུང་གིས་ལ་དྭགས་མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར་བྱེད་ཀྱི་འདུག ང་ཚོས་ཕྱོགས་ཁག་ཚང་མས་ངོས་ལེན་བྱེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་ཞེས་རྒྱ་གར་གྱི་བང་ཆེན་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་འདུག

ཕྱི་ཟླ་༤་པའི་ཚེས་༢༤་ཉིན་ས་འབབ་ཞེས་པའི་གསར་ཁང་གིས་ཚན་རིག་པ་དང་གསར་འགོད་པ་ཚོས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ལ་དྭགས་ལ་ཚ་དྲོད་རྒྱས་ཀྱི་འདུག་ཅེས་ཉེན་བརྡ་བཏང་བ་རེད། ལྷག་པར་དུ་ལ་དྭགས་ཀྱི་སྤྱི་ཚོགས་ལས་འགུལ་བ་བསོད་ནམས་དབང་ཕྱུག་གིས་ཟས་བཅད་ངོ་རྒོལ་བྱས་པ་སོགས་ཀྱིས་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ལ་དྭགས་ལ་འོས་བསྡུ་བྱས་པའི་སྐབས་སུ་ཁོར་ཡུག་སྲུང་སྐྱོབ་རྩ་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ཤེས་རྟོགས་ཐུབ། ལ་དྭགས་པ་༡༨༢༥༧༡་ཡས་མས་ཤིག་གིས་འོས་ཤོག་འཕེན་རྒྱུའི་ཐོ་འགོད་བྱས་འདུག སྲིད་བློན་མོ་དྷིའི་གཞུང་གིས་ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་ཐོབ་སྤྲད་པའི་རྗེས་སུ་རིམ་གྱིས་མངའ་སྡེའི་ཐོབ་ཐང་སྤྲོད་ཆོག་ཅེས་ཁས་ལེན་བྱས་ཀྱང་དོན་འཁྱོལ་མ་བྱུང་། ལ་དྭགས་པ་ཚོས་རྩ་ཁྲིམས་དོན་ཚན་༦་པའི་དགོངས་དོན་ལྟར་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་གསར་འགྱུར་སྤེལ།།

རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་ཚོ་ཤོག་གི་ས་གནས་ཁག་ལ་མངའ་སྡེའི་གྲོས་ཚོགས་བཙུགས་ཏེ་བཅའ་ཁྲིམས་གཏན་འབེབས་བྱེད་ཆོག་པའི་དབང་ཚད་ཡོད། ཁོ་ཚོར་ཤིང་ནགས་དང་ས་ཞིང་སྲུང་སྐྱོབ། འཛིན་སྐྱོང་དང་གཉེན་སྒྲིག ཤུལ་བཞག་ཐོབ་སྐལ་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྣམས་སྲུང་སྐྱོབ་ཀྱི་ཁྲིམས་བཟོ་ཆོག་པའི་དབང་ཚད་ཡོད་ཅེས་འཁོད། རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་དང་མེ་གྷ་ལ་ཡ། ཊྲི་པུ་ར་དང་མཱི་ཛོ་རམ་༤་ལ་མངའ་སྡེའི་ཐོབ་ཐང་སྤྲད་ནས་རང་སྐྱོང་ཐོབ། དེས་ན་ལ་དྭགས་པ་ཚོས་ཀྱང་ཚོ་ཤོག་གཞན་ལྟར་མངའ་སྡེའི་ཐོབ་ཐང་དགོས། མངའ་སྡེའི་ཐོབ་ཐང་མེད་ན་ལ་དྭགས་ཀྱི་ས་ཆ་དང་སྐྱེ་ཁམས། ལས་ཀ་དང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་རྣམས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མི་འདུག རྒྱ་གར་གྱི་འབྱོར་ལྡན་པ་ཚོས་ལ་དྭགས་སུ་བཟོ་གྲྭ་བཙུགས་ཏེ་གཏེར་ཁང་བསྔོགས། འཛུགས་སྐྲུན་གྱི་ལས་གཞི་གཉེར་ནས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཕོག ཕྱི་ལོགས་ནས་ལས་མི་གནས་སྤོས་བྱས་ཏེ་ལ་དྭགས་པ་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ཏུ་གྱུར། མཐར་ལ་དྭགས་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་འགྲོ་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG