ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༡༣

ཝ་གྷ་ནར་གླས་དམག་ཚོཊ་པའི་འཐབ་མོ་བ་ཚོ་པོ་ལན་ཌིའི་ས་མཚམས་སུ་འབྱོར། 


པོ་ལན་ཌི་དང་བྷེ་ལོ་རུ་སིའི་ས་མཚམས་
པོ་ལན་ཌི་དང་བྷེ་ལོ་རུ་སིའི་ས་མཚམས་

༄༅།། ཨུ་རུ་སུའི་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་བྷེ་ལོ་རུ་སིའི་ས་མཚམས་ཁག་ནས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་རྒོལ་རྡུང་བྱེད་སྲིད་པའི་ཉེན་ཁ་ཆེ་རུ་སོང་། ཕྱི་ཟླ་༨་པའི་ཚེས་༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཝ་གྷ་ནར་གླས་དམག་ཚོགས་པས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་གྱེན་ལོག་བྱས་ཀྱང་ལམ་ལྷོངས་མ་བྱུང་བར་སྒེར་དམག་དེ་རྣམས་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སི་རུ་བསྐྲད། དེང་སྐབས་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་ནུབ་ཆིངས་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་གཉིས་ཀ་ཡིན་པ་པོ་ལན་ཌི་དང་ལི་ཐུ་ཝེ་ཎི་ཡ། ལཱ་ཊི་ཝི་ཡ་གསུམ་གྱི་ས་མཚམས་ཁག་ཏུ་འབྱོར། གོང་འཁོད་རྒྱལ་ཁབ་དེ་དག་གིས་འཕྲལ་དུ་ས་མཚམས་སུ་དམག་དཔུང་ཁ་སྣོན་བཏང་སྟེ་བྷེ་ལོ་རུ་སུའི་ས་མཚམས་ནས་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་རྒོལ་རྡུང་འབྱུང་སྲིད་པར་སྔོན་འགོག་དང་དོགས་ཟོན། ཁ་སྔོན་གཟའ་མིག་དམར་ཉིན་བྷེ་ལོ་རུ་སིའི་ཐད་འཕུར་གནམ་གྲུ་གཉིས་པོ་ལན་ཌིའི་མཁའ་དབྱིངས་དཔུང་འཛུལ་བྱས་པའི་རྗེས་སུ་ཛ་དྲག་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

པོ་ལན་ཌིའི་སྲིད་བློན་མ་ཐེ་ཤི་མོ་ར་ཝེ་ཡ་སི་ཀིས་
པོ་ལན་ཌིའི་སྲིད་བློན་མ་ཐེ་ཤི་མོ་ར་ཝེ་ཡ་སི་ཀིས་

པོ་ལན་ཌིའི་སྲིད་བློན་མ་ཐེ་ཤི་མོ་ར་ཝེ་ཡ་སི་ཀིས་བྷེ་ལོ་རུ་སིའི་ས་ཐོག་ནས་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་བརྒྱ་སྐོར་ཞིག་པོ་ལན་ཌིའི་ས་མཚམས་སུ་ཆགས་པའི་སུ་ཝལ་ཀི་ས་གནས་སུ་བསླེབས་འདུག ས་གནས་དེ་དམག་དོན་འཐབ་ཇུས་ལ་ཧ་ཅང་གི་གནད་འགག་ཆེན་པོ་རེད། ད་ལྟ་གང་ཅིའི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོ་དཔུང་འཛུལ་བྱེད་ཀྱི་ཡོད་པ་ནི་པོ་ལན་ཌིའི་ས་ཐོག་ཏུ་གཏོར་རྒོལ་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་བསྟན། ཁ་སང་གཟའ་ལྷག་པའི་ཞོགས་པར་པོ་ལན་ཌིའི་རྒྱལ་སྲུང་བློན་ཆེན་གྱིས་རང་གི་ས་མཚམས་སུ་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་རྣམས་ནུབ་ཆིངས་ལ་སྙན་སེང་ཞུས། ནུབ་ཆིངས་ཀྱི་ལས་སྣེ་ཞིག་གིས་ང་ཚོས་བྷེ་ལོ་རུ་སུའི་དམག་གི་ཐད་འཕུར་གནམ་གྲུ་གཉིས་པོ་ལན་ཌིའི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་པའི་རྗེས་སུ་རྟོག་ཞིབ་བྱེད་ཀྱི་ཡོད། ནུབ་ཆིངས་དང་པོ་ལན་ཌིའི་གཞུང་གིས་འབྲེལ་མོལ་དམ་ཟབ་བྱེད་ཀྱི་ཡོད་པ་བརྗོད་ཅི་དགོས། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཅི་ཞིག་བསྒྲུབ་དགོས་ཀྱང་བསྒྲུབ་འཆར་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་ཐུ་མཱི་ལར་
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་ཐུ་མཱི་ལར་

ཕྱི་ཟླ་༨་པའི་ཚེས་༣་ཉིན་ཡ་ཧུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྷེ་ལོ་སུ་རིའི་དམག་གི་ཐད་འཕུར་གནམ་གྲུ་གཉིས་ས་མཚམས་བརྒལ་ནས་པོ་ལན་ཌིའི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་པའི་རྗེས་སུ་ཨ་མི་རི་ཀས་ནུབ་ཆིངས་ཀྱི་བདེ་འཇགས་སྲུང་སྐྱོབ་གཙིགས་སུ་འཛིན་དགོས། ད་ལྟའི་ཆར་ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ལག་ལེན་བསྟར་དགོས་མིན་ཐད་གྲོས་སྡུར་བྱེད་ཀྱི་མེད་ཅེས་གསལ་བསྒྲགས་སྤེལ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་ཐུ་མཱི་ལར་གྱིས་ཨ་མི་རི་ཀས་རྒྱལ་ཁབ་ཚང་མས་བདག་དབང་ལྡན་པའི་རྒྱལ་ཁབ་ཁག་གི་མཁའ་དབྱིངས་མངའ་ཁོངས་ལ་བརྩི་འཇོག་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་དོ་གཟབ་བྱེད་ཀྱི་ཡོད། ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ལག་ལེན་བསྟར་ཕྱོགས་ལ་གོ་རིམ་ཞིག་ཡོད་པས་ངས་གསལ་བསྒྲགས་ཅི་ཡང་བྱ་རྒྱུ་མིན་ཞེས་བསྒྲགས། ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ནི་དམག་དོན་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་རྒོལ་རྡུང་ཕོག་ནས་ཚོགས་འཐུས་རྒྱལ་ཁབ་ཐམས་ཅད་ལ་རྒོལ་རྡུང་ཕོག་པ་དང་ཁྱད་པར་མེད། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཡོད་དོ་ཅོག་རྒོལ་རྡུང་ཕོག་ཡུལ་རྒྱལ་ཁབ་དེའི་རྒྱབ་རྩར་ལངས་ནས་དམག་རྒྱག་དགོས་ཞེས་འཁོད།།

ལི་ཐུ་ཝེ་ཎི་ཡའི་སྲིད་འཛིན་གྷི་ཏ་ན་སི་ན་སེ་ཌ་
ལི་ཐུ་ཝེ་ཎི་ཡའི་སྲིད་འཛིན་གྷི་ཏ་ན་སི་ན་སེ་ཌ་

པོ་ལན་ཌི་དང་ལི་ཐུ་ཝེ་ཎི་ཡ། ལཱ་ཊི་ཝི་ཡ་གསུམ་གྱིས་རང་རང་གི་ས་མཚམས་ཁག་ཏུ་དམག་དཔུང་དང་མཚོན་ཆ་འགྲེམ་འཇོག་བྱ་རྒྱུ་འགོ་ཚུགས། ལཱ་ཊི་ཝི་ཡའི་མཐའ་མཚམས་སྲུང་དམག་གི་འགོ་ཁྲིད་གྷན་ཊི་སི་ཕུ་ཅ་སི་ཡིས་བྷེ་ལོ་རུ་སིའི་གཞུང་གིས་ཕྱི་མི་གཞིས་ཆགས་པ་རྣམས་ས་མཚམས་སུ་བཏང་ནས་ཟིང་ཆ་བསླངས། ལྷག་པར་དུ་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་བྷེ་ལོ་རུ་སུའི་ས་ཐོག་ཏུ་འབྱོར་བའི་རྗེས་སུ་ལཱ་ཊི་ཝི་ཡ་དང་བྷེ་ལོ་རུ་སིའི་ས་མཚམས་སུ་འཐབ་འཁྲུག་ལང་རྒྱུའི་ཉེན་ཁ་ཆེན་པོ་འདུག ལཱ་ཊི་ཝི་ཡའི་མཐའ་མཚམས་སྲུང་དམག་གིས་དམིགས་བསལ་གྱི་འགན་སྒྲུབ་དཔུང་སྡེ་བཙུགས་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཟེར། ལི་ཐུ་ཝེ་ཎི་ཡའི་སྲིད་འཛིན་གྷི་ཏ་ན་སི་ན་སེ་ཌ་གཟའ་འཁོར་འདིར་བྷེ་ལོ་རུ་སིའི་ས་མཚམས་སུ་བསྐྱོད། ལོ་༣༢་ཀྱི་ཡར་སྔོན་དུ་ས་མཚམས་དེར་ཨུ་རུ་སུ་དམར་ཤོག་ཡུལ་དམག་གིས་ལི་ཐུ་ཝེ་ཎི་ཡའི་དམག་དཔོན་༧་བསད། སྲིད་འཛིན་ན་སེ་ཌ་རྗེས་དྲན་དང་མྱ་ངན་གྱི་མཛད་སྒོར་ཞུགས། ཁོང་གིས་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཁག་ཅིག་ས་མཚམས་སུ་བསླེབས་ནས་འཁྲུག་རྩོད་སློང་རྒྱུའི་རྟགས་མཚན་མངོན། ངས་བལྟས་ན་ཉེན་ཁ་དེ་ཚབས་ཆེན་ཞིག་ཏུ་འགྱུར་ས་རེད་ཅེས་བཀྲལ།།

ཕྱི་ཟླ་༨་པའི་ཚེས་༣་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པོ་ལན་ཌིའི་གཞུང་གིས་བྷེ་ལོ་རུ་སིའི་ས་མཚམས་སུ་དམག་དཔུང་མང་དུ་གཏོང་མགོ་བརྩམས། ཝ་གྷ་ནར་གླས་དམག་ཚོགས་པས་ཨུ་རུ་སུ་དང་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་སྒྲིག་འཛུགས་གཉིས་ལ་དམག་འཁྲུག་སློང་རྒྱུའི་ཉེན་ཁ་ཆེ། བྷེ་ལོ་རུ་སིའི་གཞུང་དམག་དང་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་ས་མཚམས་ཁག་ཏུ་དམག་སྦྱོང་བྱས་པ་དང་བྷེ་ལོ་རུ་སིའི་དམག་ལ་སྦྱོང་བརྡར་སྤྲད། བྷེ་ལོ་རུ་སུའི་གཞུང་གིས་པོ་ལན་ཌིར་ས་མཚམས་སུ་དམག་སྦྱོང་བྱེད་ཀྱི་ཡོད་ཅེས་བརྡ་བརྒྱབ་ཀྱང་དམག་གི་ཐད་འཕུར་གནམ་གྲུ་གཉིས་དམའ་སར་འཕུར་ནས་པོ་ལན་ཌིའི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་མོད། འོན་ཀྱང་པོ་ལན་ཌིའི་མཁའ་དབྱིངས་སྲུང་སྐྱོབ་མ་ལག་རེ་ཌར་འཕྲུལ་ཆས་ཀྱིས་བྷེ་ལོ་རུ་སིའི་ཐད་འཕུར་གནམ་གྲུ་དཔུང་འཛུལ་བྱས་པ་ཤེས་རྟོགས་མ་ཐུབ་པར་དངངས་སྐྲག་ལངས། དེ་ནས་པོ་ལན་ཌིའི་རྒྱལ་སྲུང་བློན་ཆེན་གྱིས་ས་མཚམས་སུ་དམག་དཔུང་ཁ་སྣོན་ཐོངས་ཞེས་བཀའ་ཕབ།།

Mig-24 རྟགས་ཅན་དམག་གི་ཐད་འཕུར་གནམ་གྲུ
Mig-24 རྟགས་ཅན་དམག་གི་ཐད་འཕུར་གནམ་གྲུ

བྷེ་ལོ་རུ་སིའི་གཞུང་གིས་MIG-24་དང་Mig-8་རྟགས་ཅན་དམག་གི་ཐད་འཕུར་གནམ་གྲུ་དེ་དག་པོ་ལན་ཌིའི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་མེད། པོ་ལན་ཌིའི་དམག་དང་ཅབ་སྲིད་ཀྱི་འགོ་ཁྲིད་ཚོས་བྷེ་ལོ་རུ་སིའི་ས་མཚམས་སུ་དམག་དཔུང་མང་དུ་གཏོང་གི་ཡོད་པ་འཐད་ལྡན་ཞིག་ཏུ་བསྒྱུར་བར་ཐད་འཕུར་གནམ་གྲུ་གཉིས་ས་མཚམས་བརྒལ་ནས་དཔུང་འཛུལ་བྱས་བྱུང་ཟེར་གྱི་ཡོད་པ་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་དགག་པ་བརྒྱབ། དབྱིན་ཡུལ་གྱི་ལན་ཀི་སི་ཊར་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཆབ་སྲིད་རིག་པ་འཆད་ཁྲིད་པ་བྷར་བྷ་ར་ཡོག་སན་གྱིས་པོ་ལན་ཌིའི་གཞུང་གིས་བྷེ་ལོ་རུ་སི་དང་ཨུ་རུ་སུ་གཉིས་ངན་འབྲེལ་བྱས་ནས་ཡུ་རོབ་ལ་དམག་འཁྲུག་སློང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་སྐབས་སུའང་བྷེ་ལོ་རུ་སི་ནས་དམག་དྲངས། ཨུ་རུ་སུའི་བྷེ་ལོ་རུ་སུ་དང་ཀ་ལི་ནིང་གྷ་རེ་ཌི་བཅས་ཤར་ནུབ་གཉིས་ནས་དམག་དྲངས་ན་ལི་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་གསུམ་ཡུ་རོབ་དང་ནུབ་ཆིངས་ལ་འབྲེལ་མཚམས་བཅད། ཨུ་རུ་སུས་རྒྱལ་ཁབ་དེ་དག་ལ་བཙན་འཛུལ་བྱ་རྒྱུ་སྟབས་བདེ་རུ་ཕྱིན་པ་རེད་ཅེས་འགྲེལ་བཤད་བརྒྱབ་པའི་གནས་ཚུལ་ཐོན་འདུག

ལི་ཐུ་ཝེ་ཎི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་རྒྱལ་ཡོངས་བདེ་འཇགས་དང་རྒྱལ་སྲུང་ཚོགས་ཆུང་གི་ཚོགས་གཙོ་ལོ་ར་ནེ་སི་ཁེ་ཤུ་གྱིས་བྷེ་ལོ་རུ་སུའི་ས་ཐོག་ཏུ་འབྱོར་བའི་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བའི་གྲངས་འབོར་དང་འཐབ་འཁྲུག་གི་ནུས་པར་གཞིགས་ན་དམག་འཁྲུག་ཆེན་པོ་ཞིག་སློང་ཐུབ་ས་མ་རེད། ཁོ་ཚོས་མ་འོངས་པར་ཟིང་འཁྲུག་སློང་ཐུབ་རྒྱུ་ཡིན་མིན་ནི་མ་འོངས་པར་བལྟ་དགོས་ཞེས་སྨྲས། པོ་ལན་ཌིའི་རྒྱལ་ནང་དུའང་ལོ་འདིའི་སྟོན་ཁར་གྲོས་ཚོགས་འཐུས་མི་རྣམས་འོས་བསྡུ་བྱེད་ཀྱི་ཡོད་ཅིང་། པོ་ལན་ཌི་གཞུང་འཛིན་ཚོགས་པས་འོས་བསྡུར་དམིགས་ནས་རྒྱལ་སྲུང་དོན་དུ་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད། ཨུ་རུ་སུའི་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་ཉེན་ཁ་ཆེན་པོ་རེད་ཅེས་འུར་སྒྲོགས་བྱེད་ཀྱི་ཡོད་པའི་སྐྱོན་བཙུགས། པོ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱིས་གཞུང་འཛིན་ཚོགས་པས་ཝ་གྷ་ནར་གླས་དམག་ཚོགས་ཆེན་པོ་བཟོས། མི་དམངས་ལ་འཇིགས་སྣང་བསྐུལ་ནས་འོས་བསྡུའི་རྒྱལ་ཁ་ཐོབ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་གཤེས།།

མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ལིན་ཌ་ཐོ་མ་སི་གྷ་རིན་ཧྥིལ་ཌས་
མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ལིན་ཌ་ཐོ་མ་སི་གྷ་རིན་ཧྥིལ་ཌས་

མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ལིན་ཌ་ཐོ་མ་སི་གྷ་རིན་ཧྥིལ་ཌས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་པའི་ཨུ་རུ་སུའི་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་རྣམས་ཨ་ཧྥི་རི་ཀ་དང་དཀྱིལ་ཤར་ཁུལ་དུའང་ཁྱབ་འདུག ཁོ་ཚོས་ཨུ་རུ་སུའི་སྲིད་གཞུང་གི་དགོས་མཁོ་བསྒྲུབས་ནས་ཟིང་འཁྲུག་སློང་གི་ཡོད་པ་རེད། ཝ་གྷ་ནར་གླས་དམག་ཚོགས་པ་ཨུ་རུ་སུའི་སྲིད་གཞུང་ལ་འབྲེལ་བ་མེད་པར་རང་བཙན་གྱི་སྒྲིག་འཛུགས་ཤིག་ག་ལ་ཡིན། ཁོ་ཚོས་རྒྱལ་ཁབ་གང་འདྲ་ཞིག་ལ་གཏོར་རྒོལ་བྱས་ན་ཨུ་རུ་སུའི་གཞུང་གིས་གཏོར་རྒོལ་བྱས་པར་ངོས་འཛིན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཝ་གྷ་ནར་གླས་དམག་ཚོགས་པ་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད། གྱེན་ལོག་རྗེས་སུ་ཕུ་ཊིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་དངུལ་རྩིས་ཁོངས་ནས་ཝ་གྷ་ནར་གླས་དམག་ཚོགས་པར་ཨ་སྒོར་དུང་ཕྱུར་༢༠་ལྷག་འགྲོ་གྲོན་བཏང་བ་ཡིན། པ་རི་གྷོ་ཞིན་གྱིས་དངུལ་སྒོར་དེ་ཚོ་གང་དུ་འགྲོ་གྲོན་བཏང་ཡོད་མེད་ཞིབ་འཇུག་བྱ་དགོས་ཞེས་བཀའ་ཕབ་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG