ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

ཨ་རིའི་ནང་དུ་རྒྱ་མི་ཚོས་ས་ཆ་ཉོ་མི་ཆོག་པའི་བཅའ་ཁྲིམས་གཏན་འབེབས།


ལྷོ་ཌ་ཀོ་ཌ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཀི་རི་སི་ཊི་ནོ་ཡེམ་
ལྷོ་ཌ་ཀོ་ཌ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཀི་རི་སི་ཊི་ནོ་ཡེམ་

༄༅།། ཨ་རིའི་མངའ་སྡེ་ཁག་ཏུ་རྒྱ་ནག་གི་སྤྱི་དམངས་དང་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་ས་ཆ་ཉོ་བཞིན་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་བརྩིས། ད་ལྟ་ཨ་མི་རི་ཀའི་མངའ་སྡེ་འགའ་ཞིག་གིས་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་རིའི་ནང་དུ་ས་ཞིང་ཉོས་ནས་སྟོན་ཐོག་བཏབ། ཁང་པ་ཉོས་ནས་ཁང་གླ་གཏོང་བ་སོགས་འགོག་པར་ས་ཆ་ཉོ་མི་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་རྒྱུ་མགོ་བརྩམས། ཕྱི་ཟླ་༤་པའི་ཚེས་༣་ཉིན་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀར་མངའ་སྡེ་༥༠་ཐམ་ཡོད་པ་དེའི་གསུམ་ཆའི་གཉིས་ཀྱིས་ཕྱི་རྒྱལ་བ་ཚོས་ས་ཆ་ཉོ་མི་ཆོག་ཅེས་ཁྲིམས་གཏན་འབེབས་བྱས་པའམ། ཡང་ན་ས་ཞིང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་པ་ཚོས་ཨ་རིའི་ནང་དུ་ས་ཆ་ཉོ་མི་ཆོག་ཅེས་བཅའ་ཁྲིམས་གཏན་འབེབས་བྱེད་མཁན་མངའ་སྡེ་མང་ཆེ་བ་ནི་སྤྱི་མཐུན་ཚོགས་པའི་དབང་བསྒྱུར་འོག་ཏུ་ཡོད་པའི་མངའ་སྡེ་ཁག་ཡིན་འདུག

ཨ་རིའི་མངའ་སྡེ་ཁག་གིས་ཨ་མི་རི་ཀ་དགྲ་རུ་འཛིན་པའི་རྒྱལ་ཁབ་ཁག་གི་སྤྱི་དམངས་ཚོར་ས་ཆ་བཙོང་མི་ཆོག་ཟེར་གྱི་ཡོད་ཀྱང་དོན་དངོས་སུ་རྒྱ་ནག་པ་ཚོས་ཨ་རིའི་ནང་དུ་ས་ཆ་ཉོ་བཞིན་པ་འགོག་ཐབས་ཡིན་པར་ཐེ་ཚོམ་མེད། རྒྱ་ནག་གི་འབྱོར་ལྡན་པ་དང་བཟོ་ཚོང་ལས་ཁུངས་ཁག་གིས་ཨ་རིའི་ས་ཆ་ཉོས་ཡོད་པའི་རྒྱ་ཁྱོན་ཆེན་པོ་མིན་རུང་ཊེཀ་སེ་སི་མངའ་སྡེ་དང་ཧྥུ་ལོ་རི་ཌ་སོགས་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་འདེམས་ཐོན་བྱུང་ཡོད་པའི་མངའ་སྡེ་ཁག དེ་བཞིན་ཨ་རིའི་རྒྱལ་ཡོངས་སུ་ས་ཞིང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཤུགས་ཆེ་རུ་སོང་། ལྷོ་ཌ་ཀོ་ཌ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཀི་རི་སི་ཊི་ནོ་ཡེམ་གྱིས་རྒྱ་ནག་ང་ཚོ་དགྲ་བོ་ཞིག་རེད། རྒྱ་ནག་པ་ཚོས་ཨ་རིའི་འབྲུ་རིགས་ཀྱི་ཐོན་ཁུངས་ས་ཞིང་རྣམས་ཉོ་བཞིན་འདུག ཨ་མི་རི་ཀའི་ས་ཞིང་རྣམས་རང་ལག་ཏུ་མེད་ན་འབྲུ་རིགས་ཐོན་ཁུངས་རྒྱལ་ཁབ་གཞན་ཞིག་ལ་ཤོར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་ས་རེད་ཅེས་བཀྲལ།།

ཀི་རི་སི་ཊི་ནོ་ཡེམ་གྱིས་རྒྱ་ནག་ཚུད་པའི་རྒྱལ་ཁབ་ལྔས་ལྷོ་ཌ་ཀོ་ཌ་མངའ་སྡེའི་ནང་དུ་ས་ཆ་ཉོ་མི་ཆོག་པའི་བཅའ་ཁྲིམས་ཤིག་ལ་མཚན་རྟགས་བཀོད། སྲིད་དོན་ཉམས་པ་ཁག་ཅིག་གིས་ཀི་སི་ཊི་ནོ་ཡེམ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་སྲིད་འཛིན་གཞོན་པའི་འོས་མིར་གདམ་སྲིད་ཅེས་གླེང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་འོས་བསྡུའི་སྐབས་སུ་རྒྱ་ནག་ལ་དཔལ་འབྱོར་ཐོག་ཏུ་ཁ་གཏད་གཅོག་རྒྱུ་དྲིལ་བསྒྲགས་གཙོ་བོ་ཞིག་ཏུ་བསྒྱུར་རྒྱུའི་རྟགས་མཚན་ཐོན། ཁ་སྔོན་ཕྱི་ཟླ་༢་ནང་ཌོ་ནལ་ཊམ་གྱིས་ང་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ན་རྒྱ་ནག་ནས་ཨ་མི་རི་ཀར་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་བརྒྱ་ཆ་༦༠་ལྷག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་བསྒྲགས། དུས་རབས་༢༡་པའི་མགོ་སྟོད་དུ་ཨ་རིའི་མངའ་སྡེ་ཁག་གི་སྤྱི་ཁྱབ་རྣམས་གཅིག་རྗེས་གཉིས་མཐུད་དུ་རྒྱ་ནག་ལ་ཚོང་འབྲེལ་འཛུགས་ཐབས་སུ་བསྐྱོད། དེང་སྐབས་ཨ་རིའི་མངའ་སྡེ་ཁག་གི་སྤྱི་ཁྱབ་ཕལ་མོ་ཆེས་རྒྱ་ནག་ལ་དོགས་ཟོན་བྱ་དགོས་ཞེས་ལངས་ཕྱོགས་གསར་པ་ཞིག་བཟུང་།།

ཨིན་ཌི་ཡ་ནའི་མངའ་སྡེའི་གྲོས་ཚོགས་
ཨིན་ཌི་ཡ་ནའི་མངའ་སྡེའི་གྲོས་ཚོགས་

རྒྱ་ནག་པ་ཚོས་ཨ་རིའི་ས་ཞིང་ཉོ་རྒྱུ་འགོག་དགོས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཨ་མི་རི་ཀའི་མངའ་སྡེ་ཁག་ལ་རྒྱ་ནག་གི་སྟོབས་ཤུགས་ཁྱབ་ཀྱི་འདུག ཨ་རིའི་དབུས་གཞུང་གིས་མངའ་སྡེ་ཁག་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའམ། ཡང་ན་སྲུང་སྐྱོབ་བྱེད་འདོད་མེད་པ་རེད་ཅེས་སྐྱོན་བཙུགས། ཨིན་ཌི་ཡ་ནའི་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་ཁེན་ཌེལ་ཀ་ལཱབ་ཀྱིས་དབུས་གཞུང་གིས་ས་ཞིང་ཉོ་ཚོང་ལ་སྟངས་འཛིན་ནན་པོ་ཞིག་བྱེད་ཀྱི་མི་འདུག དེས་ན་མངའ་སྡེ་ཁག་གིས་བཅའ་ཁྲིམས་གཏན་འབེབས་བྱས་ནས་རང་སར་སྲུང་སྐྱོབ་མི་བྱ་ཐབས་མེད་རེད་ཅེས་མངའ་སྡེའི་གྲོས་ཚོགས་སུ་ཁྲིམས་གཞི་བཏོན། ཁྲིམས་གཞི་དེའི་ནང་དུ་བྱང་ཀོ་རི་ཡ་དང་ཨི་རན། ཀུ་པ་དང་ཨུ་རུ་སུ། རྒྱ་ནག་ལྔས་ཨིན་ཌི་ཡ་ན་མངའ་སྡེའི་ནང་དུ་ས་ཆ་ཉོ་མི་ཆོག རྒྱལ་ཁབ་གཞན་པ་བཞི་ལས་ཀྱང་རྒྱ་ནག་ཉེན་ཁ་ཤིན་ཏུ་ཆེ། ཨིན་ཌི་ཡ་ན་མངའ་སྡེའི་འབྲུ་རིགས་ཀྱི་ཐོན་ཁུངས་ས་ཞིང་གི་བདག་པོ་རྒྱ་ནག་པ་ཚོ་འགྱུར་རྒྱུ་རེད་ཅེས་འཁོད།།

ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇོར་ཇཱི་ཡའི་མངའ་སྡེའི་གྲོས་ཚོགས་འོག་མའི་ནང་དུ་རྒྱ་ནག་གི་འཐུས་ཚབ་སུ་ཞིག་ཡིན་རུང་མི་དེ་ལོ་སྔོན་མ་དེར་ཉུང་མཐའ་ཡང་འཇོར་ཇཱི་ཡ་མངའ་སྡེའི་ནང་དུ་ཟླ་བ་༡༠་བསྡད་མེད་ཚེ། ས་ཞིང་དང་དམག་སྒར་གྱི་ཉེ་འཁྲིས་སུ་ས་ཆ་ཉོ་མི་ཆོག་ཅེས་ཁྲིམས་གཞི་མཚམས་སྦྱོར་བྱས་ཤིང་། དམངས་གཙོ་ཚོགས་པའི་འཐུས་མི་ཚོས་འཇོར་ཇཱི་ཡ་མངའ་སྡེའི་ཁྲིམས་གཞི་དེ་ཨེ་ཤི་ཡའི་ཨ་རི་བ་རྣམས་དབྱེ་འབྱེད་བྱ་རྒྱུའི་དམིགས་ཡུལ་ཡིན་པ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་ཐབས་ཤིག་མ་རེད་ཅེས་དགག་པ་བརྒྱབ། ཁྲིམས་གཞི་དེར་མངའ་སྡེའི་གྲོས་ཚོགས་འཐུས་མི་༦༧་གྱིས་ངོ་རྒོལ་དང་འཐུས་མི་༩༧་གྱིས་རྒྱབ་སྐྱོར་ཡོད་པའི་འོས་ཤོག་འཕངས། ཁྲིམས་གཞི་དེའི་ནང་དུ་རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རན་དང་ཀུ་པ། ཨུ་རུ་སུ་བཅས་ཀྱི་སྤྱི་དམངས་ཚོས་འཇོར་ཇཱི་ཡ་མངའ་སྡེའི་ས་ཞིང་ཅི་ཡང་ཉོ་མི་ཆོག ཨ་རིའི་དམག་སྒར་ཁག་ནས་སྤྱི་ལེ་༡༦་གི་ནང་ཚུད་དུ་ས་ཆ་བཙོང་མི་ཆོག་ཅེས་བཀོད།།

འཇོར་ཇཱི་ཡའི་མངའ་སྡེའི་གྲོས་ཚོགས་འཐུས་མི་རྒྱ་མོ་མཱི་ཤཱལ་ཨོ་ཡིས་ང་ལ་རྒྱ་ནག་དམར་ཤོག་གི་གསང་ཉུལ་རེད་ཅེས་ཉེས་འཛུགས་བྱས་མྱོང་། ས་ཞིང་སྲུང་སྐྱོབ་ཀྱི་ཁྲིམས་དེ་མི་རིགས་དབྱེ་འབྱེད་ཀྱི་ལག་ཆ་ཞིག་རེད། བཅའ་ཁྲིམས་དེའི་དགོངས་དོན་ངོ་མ་ནི་མི་རིགས་ཀྱི་འབྱུང་ཁུངས་ལ་གཞིགས་ནས་འཛམ་གླིང་འདིའི་ས་གནས་ཁག་ཅིག་གི་མི་ལ་ཡིད་རྟོན་མི་རུང་། ཁོ་ཚོར་དོགས་ཟོན་བྱ་དགོས། མི་དེའི་རིགས་རྒྱལ་ཚོང་བ་རེད་ཟེར་བའི་གོ་དོན་རེད་ཅེས་ངོ་རྒོལ་བྱས་མོད། འོན་ཀྱང་མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱེམ་སི་བྷུར་ཆེ་ཊིས་བཅའ་ཁྲིམས་དེ་འབྲུ་རིགས་ཀྱི་ཐོན་ཁུངས་དང་ཨ་རིའི་དམག་སྒར་ཁག་ལ་ཕྱི་དགྲ་འབྱུང་སྲིད་པ་འགོག་ཐབས་ཡིན། དེ་ནི་མི་རིགས་དབྱེ་འབྱེད་ཀྱི་དམིགས་ཡུལ་ཅི་ཡང་མིན། ང་ནི་རྟག་ཏུ་མི་རིགས་དབྱེ་འབྱེད་ཟེར་བའི་སྐད་ཆ་དེར་སུན་གྱི་འདུག ང་སྐྱེས་ནས་བཟུང་སྟེ་མི་རིགས་དབྱེ་འབྱེད་པ་ཞིག་རེད་ཅེས་མིང་བཏགས་མྱོང་། ཡིན་ནའང་ང་ནི་མི་རིགས་དབྱེ་འབྱེད་པ་ཞིག་གཏན་ནས་མིན་ཞེས་ལན་བཏབ།།

སྔ་ལོ་ཧྥུ་ལོ་རི་ཌི་དང་ཨ་ལཱ་བྷ་མ། ལུ་ཝི་སི་ཡ་ན་དང་ཨར་ཁན་སོ་བཅས་ཀྱིས་རྒྱ་ནག་པ་ཚོས་ཨ་རིའི་ས་ཞིང་ཉོ་མི་ཆོག་ཅེས་བཅའ་ཁྲིམས་གཏན་ལ་ཕབ། རྒྱ་ནག་གི་གསང་ཉུལ་གྱི་ལྒང་བུ་ཞིག་ཨ་རིའི་བྱང་ཌ་ཀོ་ཌ་དང་ཊེཀ་སེ་སི་མངའ་སྡེའི་མཁའ་དབྱིངས་སུ་བཏང་བའི་རྗེས་སུ་མངའ་སྡེ་ཁག་གི་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚོར་བློ་འཚབ་བྱུང་། ཧྥུ་ལོ་རི་ཌ་མངའ་སྡེའི་ནང་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་ནག་གི་སྤྱི་དམངས་ཁག་ཅིག་གིས་མངའ་སྡེ་དེའི་ས་ཞིང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དེ་ཉིད་ཁྲིམས་འགལ་རེད་ཅེས་ཨ་རིའི་དབུས་གཞུང་གི་ཁྲིམས་ཁང་ལ་གཏུགས། ཁྲིམས་ཁང་གིས་ཀྱང་རྒྱ་ནག་པ་ཚོས་ས་ཆ་ཉོ་མི་ཆོག་པའི་བཀག་སྡོམ་དེ་དབུས་གཞུང་གི་ཁྲིམས་ལ་རྒྱབ་འགལ་རེད་ཅེས་ཐག་གཅོད་བྱ་སྲིད་པའི་རྣམ་པ་ཞིག་མངོན། ད་དུང་འཇོར་ཇཱི་ཡ་མངའ་སྡེའི་ས་ཞིང་སྲུང་སྐྱོབ་ཀྱི་ཁྲིམས་ལའང་ཁ་མཆུ་འཛུགས་འཆར་འདུག་ཅེས་སྐད་ཆ་ཞིག་གྲགས།།

སྤྱི་མཐུན་ཚོགས་པའི་འཐུས་མི་བྷ་ལེཀ་མུར་
སྤྱི་མཐུན་ཚོགས་པའི་འཐུས་མི་བྷ་ལེཀ་མུར་

ཕྱི་ཟླ་༣་པའི་ཚེས་༡༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཨེ་ལི་ས་སི་ལོ་ཊི་ཀིན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་བྷ་ལེཀ་མུར་གཉིས་ཀྱིས་རྒྱ་ནག་པ་ཚོས་ཨ་རིའི་ས་ཞིང་དང་ཁང་པ་ཉོ་བཞིན་པར་དབུས་གཞུང་གིས་རྟོག་ཞིབ་ནན་པོ་བྱ་དགོས་ཞེས་ཁྲིམས་གཞི་བཏོན། གྲོས་ཚོགས་འཐུས་མི་སི་ལོ་ཊི་ཀེན་གྱིས་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ཉམས་ཞིབ་པ་ཚོར་འཇིགས་སྣང་དང་ཕྱོགས་ལྷུང་མེད་པར་ས་ཞིང་ཉོ་ཚོང་དེར་ཞིབ་འཇུག་བྱེད་དུ་འཇུག་དགོས་ཞེས་སྨྲས། ༢༠༡༨་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་རྒྱལ་བ་ཚོས་ཨ་རིའི་ས་ཁང་ཚོང་ལས་ལ་མ་རྩ་བཙུགས་ཏེ་ས་ཁྱོན་ཨེ་ཀར་༡༠༠་ནས་ས་ཡ་༡་ཙམ་ཉོ་ཡི་ཡོད་ན་དེ་ལ་རྟོག་ཞིབ་བྱ་དགོས་པའི་བཅའ་ཁྲིམས་གཏན་འབེབས་བྱུང་། རྒྱ་ནག་གི་སྤྱི་དམངས་ཚོས་ཨ་རིའི་ས་ཐོག་ཏུ་རྒན་གསོ་ཁང་སོགས་ཁང་པ་མང་པོ་ཉོས་ནས་ཚོང་ལས་གཉེར་གྱི་ཡོད་པར་རྟོག་ཞིབ་བྱ་དགོས་པའི་གྲོས་ཆོད་བཞག་འདུག

ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཨེ་ལི་ས་སི་ལོ་ཊི་ཀིན་
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཨེ་ལི་ས་སི་ལོ་ཊི་ཀིན་

གླེང་སྟེགས།

XS
SM
MD
LG