ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༢

བལ་བོད་ཚོང་ལམ་༡༤ བསྐྱར་དུ་སྒོ་འབྱེད་བྱ་རྒྱུའི་གྲོས་མཐུན་བྱུང་སྐད།


བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་
བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་

༄༅།། ༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་ཁྱབ་སྟེ་འགྲིམ་འགྲུལ་དང་ཚོང་ལས། འགྲོ་བ་མིའི་སྤྱི་ཚོགས་ཀྱི་བྱེད་སྒོ་མཐའ་དག་ཡོངས་སུ་འགགས། དེ་བཞིན་བལ་བོད་ས་མཚམས་ཀྱི་ཚོང་ལམ་ཐམས་ཅད་སྒོ་བརྒྱབ་སྟེ་ལོ་༤་ལྷག་འདས། ཕྱི་ཟླ་༤་པའི་ཚེས་༡་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་བོད་རང་སྐྱོང་ལྗོངས་སུ་འཚམས་འདྲིར་བསྐྱོད། ཁོང་གིས་གཟའ་ཟླ་བའི་ཉིན་གསར་འགོད་པ་ཚོར་རྒྱ་ནག་གིས་བལ་བོད་ས་མཚམས་ཀྱི་སྲོལ་རྒྱུན་ཚོང་ལམ་ཁག་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་མོས་མཐུན་བྱས་བྱུང་ཞེས་བསྒྲགས།།

ཕྱི་སྲིད་བློན་ཆེན་གཞོན་པ་ཤ་རེ་ས་ཐ་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་གྱི་ཊྲི་བྷུ་ཝན་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་མ་ཐག་ཏུ་པྲོག་དབྱིབས་ནད་ཡམས་སྐབས་སུ་བལ་བོད་ས་མཚམས་ཀྱི་སྲོལ་རྒྱུན་ཚོང་ལམ་༡༤་སྒོ་བརྒྱབ་པ་རེད། རྒྱ་ནག་གིས་ཚོང་ལམ་དེ་རྣམས་མྱུར་དུ་སྒོ་འབྱེད་བྱ་རྒྱུའི་མོས་མཐུན་བྱས་སོང་། ང་ཚོས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་གནས་འཁོད་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐབས་དང་འགྲིམ་འགྲུལ་སོགས་སྟབས་བདེ་རུ་འགྲོ་ཐུབ་པའི་རེ་བ་འཆང་བཞིན་ཡོད། བལ་ཡུལ་དང་རྒྱ་ནག་གི་བློན་ཆེན་ལྷན་ཁང་རིམ་པའི་མཉམ་འབྲེལ་ཚོགས་ཆུང་ཞིག་བཙུགས་ནས་ཚོང་ལམ་སྒོ་འབྱེད་ཀྱི་ཞིབ་ཆ་ཁག་དང་དེའི་དཀའ་ངལ་སེལ་ཐབས་ལ་གྲོས་སྡུར། རྒྱ་ནག་དང་བལ་ཡུལ་གྱི་མཛའ་འབྲེལ་གོང་མཐོར་དང་སྲ་བརྟན་གཏོང་རྒྱུ་སོགས་ལ་གྲོས་མོལ་ལྷུག་པོ་བྱུང་སོང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་དང་རྒྱ་ནག་གི་བློན་ཆེན་
བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ན་ར་ཡན་ཀ་ཇཱི་ཤ་རེ་ས་ཐ་དང་རྒྱ་ནག་གི་བློན་ཆེན་

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་དང་རྒྱ་ནག་གི་འབྲེལ་ཡོད་ལས་སྣེ་ཚོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་ཁག་ལག་ལེན་བསྟར་ཕྱོགས་སུའང་གྲོས་སྡུར་གཟབ་ནན་བྱས་ཡོད་པར་མ་ཟད། བལ་པོའི་སྤྱི་དམངས་རྣམས་བོད་དང་རྒྱ་ནག་ལ་བསྐྱོད་པར་ཐོངས་མཆན་ཞུ་མི་དགོས་པར་ཡོང་ཆོག་པའི་འབོད་སྐུལ་ཞུས། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་འབོད་སྐུལ་དེར་བཟང་ཕྱོགས་ཀྱི་ལན་འདེབས་བྱ་རྒྱུའི་རྣམ་འགྱུར་བསྟན། བལ་ཡུལ་གཞུང་གིས་༢༠༡༦་ནས་རྒྱ་ནག་གི་སྤྱི་དམངས་ཚོས་ཐོངས་མཆན་ཞུ་མི་དགོས་པར་བལ་ཡུལ་དུ་ཡོང་ཆོག་པའི་ཐོབ་ཐང་སྤྲད། བལ་པོའི་སྤྱི་དམངས་རྣམས་ཀྱིས་ཀྱང་ཐོངས་མཆན་ཞུ་མི་དགོས་པར་བོད་དང་རྒྱ་ནག་ལ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་རེ་བ་བཏོན་པར་གྲུབ་འབྲས་འཐོན་རྒྱུའི་རྣམ་པ་ཞིག་མངོན།།

ཕྱི་ཟླ་༣་པའི་ཚེས་༣༠་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་ཤ་རེ་ས་ཐ་དང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གཉིས་ཐུག་འཕྲད་གྲོས་མོལ་བྱས་འདུག བལ་ཡུལ་གཞུང་གིས་རྒྱ་ནག་ལ་བལ་བོད་ས་མཚམས་ཀྱི་ཚོང་ལམ་རྣམས་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་ནི་ཕྱོགས་གཉིས་ཀྱི་ཚོང་ལས་གཅིག་པུར་དམིགས་པ་ཞིག་མིན། དེ་ནི་བལ་བོད་ས་མཚམས་ཁག་ཏུ་གནས་འཁོད་མི་དམངས་རྣམས་ཕར་འགྲོ་ཚུར་འོང་དང་གཉེན་འཕྲད་དུ་བསྐྱོད་ཐུབ་པ། བལ་ཡུལ་གྱི་དངོས་ཟོག་ཕར་གཏོང་དང་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་ནི་བལ་ཡུལ་གྱི་ཚོང་ལས་ཆེན་པོ་ཞིག་ཡིན་ཞེས་བཀྲལ།།

བལ་བོད་ས་མཚམས་སུ་
བལ་བོད་ས་མཚམས་སུ་

ཟླ་བ་འདིའི་མགོ་སྟོད་དུ་ཤ་རེ་ས་ཐ་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གཞོན་པར་བསྐོས། ཁོ་པ་ཕྱི་ཟླ་༣་པའི་ཚེས་༢༥་ནས་ཕྱི་ཟླ་༤་པའི་ཚེས་༡་བར་དུ་བོད་ཀྱི་རྒྱལ་ས་ལྷ་སར་འཚམས་འདྲིར་བསྐྱོད། ལྷ་སར་བཅའ་སྡོད་བལ་པའི་ཕྱི་འབྲེལ་དོན་གཅོད་ཁང་གིས་ཕྱི་སྲིད་བློན་ཆེན་གཞོན་པ་ཤ་རེ་ས་ཐ་ལྷ་སར་ཕེབས་ནས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོར་བལ་ཡུལ་དང་བོད་ཀྱི་ས་མཚམས་ཁག་གི་སྲོལ་རྒྱུན་གྱི་ཚོང་ལམ་རྣམས་སྒོ་འབྱེད་བྱ་དགོས། ས་མཚམས་ཀྱི་མི་དམངས་རྣམས་ཕན་འགྲོ་ཚུར་འོང་བྱེད་དུ་འཇུག་དགོས་པའི་ནན་སྐུལ་བྱས་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༣་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ས་མཚམས་བཀག་ནས་བལ་བོད་ས་མཚམས་ཀྱི་མི་དམངས་རྣམས་ཕར་འགྲོ་ཚུར་འོང་བྱེད་མ་ཐུབ་པར་འགགས་ཡོད་ཅིང་། བལ་ཡུལ་གྱི་མངའ་འོག་ཏུ་ཚུད་པའི་ཤར་པ་ཚོར་བོད་དུ་གཉེན་ཚན་ཡོད་ཀྱང་ཐུག་འཕྲད་དུ་བསྐྱོད་མ་ཐུབ་པར་ལོ་༤་ལྷག་འདས། མོ་ཝ་ཊར་ས་གནས་ཀྱི་བུ་ཆུང་དང་བུ་མོ་ཤར་པ། བསྟན་པ་དང་དཔལ་ལྡན་སོགས་ལ་བོད་དུ་གཉེན་ཚན་ཡོད་པར་མ་ཟད། བུ་མོ་ཤར་པ་ནི་བོད་དུ་སྐྱེས་ཀྱང་བྷོག་ཧོ་ལའི་བུ་ཆུང་ལ་གཉེན་བསྡེབས། བུ་ཆུང་དང་བུ་མོ་ཤར་པོ་གཉིས་ཀྱིས་ཕྱུག་ཟོག་འཚོ་སྐྱོང་བྱས་ནས་འཚོ་བོར་དཀའ་ངལ་མེད་ཀྱང་བོད་དུ་ལུས་ཡོད་པའི་ཕ་མ་ཚོར་ཐུག་འཕྲད་དུ་བསྐྱོད་ཐུབ་ཀྱི་མེད་པ་ནི་དཀའ་ངལ་ཞིག་ཏུ་གྱུར།།

ཝ་ཚབ་(WhatsApp)་དང་ཝ་ཡེ་བྷར་(Viber)་སོགས་བརྒྱུད་ནས་བོད་ལ་བརྡ་འཕྲོད་ཀྱི་མི་འདུག
ཝ་ཚབ་(WhatsApp)་དང་ཝ་ཡེ་བྷར་(Viber)་སོགས་བརྒྱུད་ནས་བོད་ལ་བརྡ་འཕྲོད་ཀྱི་མི་འདུག

པྲོག་དབྱིབས་ནད་ཡམས་སྔོན་དེར་བུ་ཆུང་དང་བསྟན་པ་གཉིས་རྟག་ཏུ་བོད་ལ་ཚོང་ལས་གཉེར་དུ་བསྐྱོད། ཁོ་ཚོ་བོད་ལ་ཚོང་ལས་གཉེར་དུ་སྐྱོད་པའི་དུས་སུ་བོད་པའི་བུ་མོ་ཚོར་ཁ་ཐུག བོད་མོ་དེ་རྣམས་བལ་ཡུལ་དུ་ཁྲིད་ཡོང་སྟེ་མཉམ་དུ་བསྡད་ནས་བཟའ་ཚང་དུ་གྱུར། བུ་ཆུང་གིས་ང་ཚོས་ས་མཚམས་སྒོ་བརྒྱབ་ནས་བོད་དུ་ཡོད་པའི་གཉེན་ཚན་ཚོར་ཐུག་འཕྲད་བྱེད་དུ་བསྐྱོད་ཐུབ་རྒྱུ་མ་རེད་ནམ་ཡང་དྲན་མྱོང་མེད། རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁག་ཏུ་ཁ་པར་བཙུགས་ཡོད་ཀྱང་བལ་ཡུལ་ཕྱོགས་ཀྱི་ས་མཚམས་ཁག་ཏུ་ཁ་པར་བཙུགས་མེད་པས་ཕན་ཐོགས་མི་འདུག ཝ་ཚབ་དང་ཝ་ཡེ་བྷར་སོགས་བརྒྱུད་ནས་བོད་ལ་བརྡ་འཕྲོད་ཀྱི་མི་འདུག་ཅེས་ས་མཚམས་བཀག་པའི་དཀའ་ངལ་རྣམས་གསར་འགོད་པར་འཕྲོས་མོལ་བྱས་འདུག

ཨ་མ་ཚེ་རིང་སྐྱིད་པ་ནི་ལོ་ན་༧༠་དོན་གྲངས་སུ་སོན་ཡོད་པ་དང་ཁྱོ་གའི་མིང་ལ་ཤར་པ་དགྲ་འདུལ་ཟེར་ཞིང་། ཨ་མ་ཚེ་རིང་སྐྱིད་པར་བོད་དུ་གཉེན་ཚན་ཡོད་པ་ཚོར་ཐུག་འདོད་ཤིན་ཏུ་ཆེ་ཡང་རྒྱ་ནག་གིས་ས་མཚམས་བཀག་སྟེ་བལ་པོའི་སྤྱི་དམངས་རྣམས་བོད་ལ་གཉེན་འཕྲད་དུ་མ་ཐར་པར་ལུས། ཤར་པ་ཚེ་བརྟན་བླ་མ་ཞེས་པ་ཞིག་གིས་ང་ཚོའི་ས་གནས་འདིའི་བུད་མེད་༡༨་ལ་བོད་དུ་ཕ་མ་སྤུན་མཆེད་འདུག བོད་མོ་མང་པོས་ཤར་པ་སོགས་ལ་གཉེན་སྒྲིག་བྱས་ནས་བལ་ཡུལ་དུ་གཞིས་ཆགས་ཡོད་པ་རེད། བལ་པོའི་གཞུང་གིས་བལ་བོད་ས་མཚམས་སྒོ་འབྱེད་བྱ་དགོས་ཞེས་སྐུལ་ལྕག་བཏང་ནས་འབད་བརྩོན་ཤུགས་ཆེན་བྱས་ཀྱང་རྒྱ་ནག་གིས་འགུལ་སྐྱོད་མ་བརྒྱབ་པར་ས་མཚམས་སྒོ་འབྱེད་ཐུབ་ཀྱི་མི་འདུག བོད་པའི་ལས་སྣེ་ཚོས་རྒྱ་ནག་གཞུང་ལ་བཤད་དགོས་པ་རེད། ང་ཚོར་དབང་ཆ་ཡོད་པ་མ་རེད་ཟེར་གྱི་འདུག་ཅེས་གསར་འགོད་པར་འགྲེལ་བཤད་བརྒྱབ་འདུག

གླེང་སྟེགས།

XS
SM
MD
LG