ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

རྒྱ་གར་བ་ཚོས་ལ་དྭགས་པ་བསོད་ནམས་དབང་ཕྱུག་གི་ལས་འགུལ་ལ་རྒྱབ་སྐྱོར།


ལ་དྭགས་པ་བསོད་ནམས་དབང་ཕྱུག
ལ་དྭགས་པ་བསོད་ནམས་དབང་ཕྱུག

༄༅།། ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་གཞུང་ནས་དབུས་ཐད་སྐྱོང་མངའ་ཁུལ་དེའི་ཆབ་སྲིད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་ལེགས་བཅོས་ཆེན་པོ་ཞིག་གཏོང་དགོས་ཞེས་ཐང་སྟོང་དུ་ཉལ་ནས་ཟས་བཅད་ངོ་རྒོལ་བྱས་ནས་ཟླ་བ་ཕྱེད་ཀ་ཙམ་འགྲོ་བཞིན་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༡༨་ཉིན་རྒྱ་གར་གྱི་རྒྱལ་སྤྱིའི་ཚོང་ལས་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་པ་༣༠༠་ལྷག་གིས་གྲང་ངར་ཁྲོད་དུ་སྤྱི་ཚོགས་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལ་རྒྱབ་སྐྱོར་བྱས་ནས་ལས་འགུལ་ལ་ཞུགས། གཟའ་ཟླ་བའི་ཉིན་བསོད་ནམས་དབང་ཕྱུག་གི་སྤྱི་ཚོགས་དྲྭ་ལམ་དུ་བརྙན་ཐུང་ཞིག་བཀྲམ་ནས་དེ་རིང་ནི་གལ་ཆེའི་ཉིན་མོ་ཞིག་ཡིན། རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་མི་གྲངས་སྟོང་ཕྲག་མང་པོས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག ང་ཚོས་རྒྱ་གར་གྱི་འགོ་ཁྲིད་ཚོར་ལ་དྭགས་ཀྱི་སྐྱེ་ཁམས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་པ་ཁ་དན་ཚིག་ལ་གནས་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་བསྒྲགས།།

ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་གྱི་འགོ་ཁྲིད་ཚོར་འོས་བསྡུའི་སྐབས་སུ་སྒེར་གྱི་བཟོ་ལས་བདག་པོ་ཚོས་དངུལ་སྒོར་ཞལ་འདེབས་སྤྲད། སྒེར་གྱི་བཟོ་ལས་བདག་པོ་ཚོར་ལ་དྭགས་ཀྱི་ས་གནས་ཁག་ཏུ་གཏེར་ཁ་སྔོག་འདོན་དང་བཟོ་གྲྭ་འཛུགས་ཆོག་པའི་འཁྲོལ་ཆ་ཐོབ། རྒྱ་གར་གྱི་སྲིད་དོན་པ་དང་སྒེར་གྱི་འབྱོར་ལྡན་པ་ཚོར་ཁེ་སང་ཐོབ་ཀྱི་ཡོད་ཀྱང་རྐྱེན་ངན་གོད་ཆག་བྱུང་ན་དེའི་མཇུག་འབྲས་རྣམས་ས་གནས་མང་ཚོགས་ཀྱིས་མྱོང་དགོས། ད་དུང་རྒྱ་གར་མི་དམངས་ཀྱིས་དཔྱ་ཁྲལ་འཇལ་བའི་དངུལ་སྒོར་འགྲོ་གྲོན་བཏང་ནས་རྐྱེན་ངན་གོད་ཅག་གི་གྱོང་རྒུད་གསབ་དགོས། ང་ཚོས་རྒྱ་གར་གཞུང་དང་སྒེར་གྱི་བཟོ་ལས་བདག་པོ་ཚོར་རང་བྱུང་ཐོན་སྐྱེད་རྣམས་སྔོག་འདོན་བྱེད་དུ་འཇུག་རྒྱུ་མིན། སྲིད་བློན་མོ་དྷིའི་གཞུང་འཛིན་བྷི་ཇེ་པི་ཚོགས་པས་རང་གི་ཁས་ལན་དམ་བཅའ་རྣམས་ལག་ལེན་བསྟར་དགོས་ཞེས་ནན་གྱིས་བསྐུལ།།

བསོད་ནམས་དབང་ཕྱུག་གིས་གནམ་གཤིས་ཀྱི་ཉིན་ལྔ་རིང་གི་ཟས་བཅད་ངོ་རྒོལ་
བསོད་ནམས་དབང་ཕྱུག་གིས་གནམ་གཤིས་ཀྱི་ཉིན་ལྔ་རིང་གི་ཟས་བཅད་ངོ་རྒོལ་

ཤེས་ཡོན་སློབ་གསོ་བ་བསོད་ནམས་དབང་ཕྱུག་གིས་༢༠༡༩་ལོར་རྒྱ་གར་གཞུང་ནས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་སྐབས་དང་ལ་དྭགས་རི་ལྗོངས་ལྷན་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་སྐབས་སུ་ལ་དྭགས་ལ་དམིགས་བསལ་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་ཁས་ལེན་བྱས་ནས་རྩ་འཛིན་ཡིག་ཆའི་ནང་དུ་བཀོད། ད་ལྟ་ལོ་བཞིའི་རྗེས་སུ་དམིགས་བསལ་ཐོབ་ཐང་སྤྲོད་རྒྱུ་གོ་ཐོས་མེད་པར་གྱུར། ལ་དྭགས་པ་ཚོས་རང་གི་ཐོབ་ཐང་གླེང་ན་རྒྱ་གར་གཞུང་གིས་ཁྲིམས་འགལ་དུ་རྩི་ཡི་འདུག ཕྱི་ཟླ་༣་པའི་ཚེས་༤་ཉིན་རྒྱ་གར་གཞུང་གིས་རང་གི་ཁས་ལེན་དམ་བཅའ་རྣམས་ལག་ལེན་བསྟར་རྒྱུ་མིན་པའི་རྣམ་འགྱུར་བསྟན། རྒྱ་གར་གཞུང་གིས་ཁས་ལེན་དེ་རྣམས་ལག་ལེན་བསྟར་གྱི་མེད་པའི་རྒྱུ་རྐྱེན་ཅི་ཡིན་གསལ་བཀྲོལ་མ་བྱས་མོད། འོན་ཀྱང་ང་ཚོར་རྒྱ་གར་བ་བཟོ་ལས་བདག་པོ་ཚོས་གཞུང་གི་འགོ་ཁྲིད་ཚོར་ལ་དྭགས་སྲུང་སྐྱོབ་མེད་པར་བཞག་ཞོག ལ་དྭགས་ཀྱི་རབ་ཏུ་ཕྱུག་པའི་གཏེར་རྫས་རྣམས་སྔོག་འདོན་བྱེད་ཆོག་པ་ཞིག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་དོགས་པ་ཡོད་ཅེས་བཀྲལ།།

ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་ལ་དྭགས་ནི་བོད་མཐོ་སྒང་དུ་ཆགས་ཡོད་པ་དང་ཧི་མ་ལ་ཡའི་ཡུལ་ལྗོངས་ཧྲིལ་པོ་ཚོར་སྐྱེན་རྣོ་བའི་མངའ་ཁུལ་ཞིག་ཡིན། གོ་ལའི་ལྷོ་སྣེ་དང་བྱང་སྣེ་གཉིས་ཀྱི་འཕྲོ་ནས་བོད་མཐོ་སྒང་ནི་འཛམ་གླིང་རྩེ་སྣེ་གསུམ་པ་དེ་རེད། འཛམ་གླིང་གི་མི་འབོར་བརྒྱ་ཆ་༢༥་ཙམ་སྟེ། མི་གྲངས་དུར་ཕྱུར་༢༠་ལྷག་གི་འཐུང་ཆུའི་འབྱུང་ཁུངས་བོད་མཐོ་སྒང་དུ་ཐུག་ཡོད། རྒྱ་གར་གྱི་འགོ་ཁྲིད་ཚོས་རང་གི་བཟོ་ལས་བདག་པོ་གྲོགས་པོ་ཚོའི་ཁེ་ཕན་ཁོ་ནར་དོ་ཁུར་བྱས་ཏེ་འབྱུང་འགྱུར་གྱི་མི་རབས་མང་པོའི་བདེ་ཐབས་ལ་བསམ་བློ་གཏོང་གི་མེད་པ་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཟེར། བསོད་ནམས་དབང་ཕྱུག་ནི་ཁོར་ཡུག་སྲུང་སྐྱོབ་དང་ཤེས་ཡོན་སློབ་གསོའི་ཐད་བྱས་རྗེས་ཅན་གྱི་མི་ཞིག་ཡིན་ཞིང་། ཁོང་གིས་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་འབྲུ་དོན་ལྟར་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས། རྒྱ་གར་གཞུང་གིས་ལ་དྭགས་པའི་མངོན་འདོད་མ་བསྒྲུབས་ཚེ། ངས་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

རྒྱ་གར་ལ་དྭགས་ཀྱི་ངོ་རྒོལ།
རྒྱ་གར་ལ་དྭགས་ཀྱི་ངོ་རྒོལ།

ཕྱི་ཟླ་༣་པའི་ཚེས་༡༧་ཉིན་རྒྱ་གར་གྱི་ཊེ་ལི་གྷ་རབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ཀྱི་ས་ཐོག་ཏུ་རྒྱ་ནག་དང་པ་ཀི་སི་ཐན་ལ་གདོད་ལེན་བྱེད་བཞིན་པའི་དམག་མི་ལ་དྭགས་པ་དང་སིག་རྒྱ་བོ། གོར་ཁ་བཅས་དཔའ་སྡེ་གསུམ་གྱི་འཐབ་མོ་བ་རྣམས་དབུས་གཞུང་ལ་ཡིད་ཆེས་བརླགས་འདུག རྒྱ་གར་གཞུང་གིས་དྲག་ཐབས་ཁོ་ནའི་སྐད་ཆ་མ་གཏོགས་གོ་ཡི་མེད་པ་འདྲ། ལ་དྭགས་པ་ཚོས་ཞི་བའི་ཐབས་ལམ་བརྒྱུད་ནས་ཐོབ་ཐང་རྩོད་ཀྱི་ཡོད་པ་རྒྱ་གར་གཞུང་གིས་ཤེས་དགོས། ཉེ་ཆར་ང་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཁག་ཏུ་རྟོག་ཞིབ་ལ་བསྐྱོད་པ་ཡིན། བྱང་ཤར་མངའ་སྡེ་ཁག་ལ་ཐོབ་ཐང་ཅི་ཞིག་ཡོད་པ་རྒྱུས་ལོན་ཐུབ་ཡོད། མཱི་ཛོ་རམ་དང་ན་གྷ་ལན་ཌི། ཊྲི་པུ་ར་དང་བྷོ་དྷོ་བཅས་ཀྱིས་དྲག་པོའི་འཐབ་ལམ་བསྟེན་ནས་མངའ་སྡེའི་ཐོབ་ཐང་བླངས་འདུག ལ་དྭགས་པ་ཚོས་ཞི་བའི་ཐབས་ལམ་བརྒྱུད་ནས་ཐོབ་ཐང་རྩོད་ཀྱི་ཡོད་པས་གྱོང་གུད་དེ་ལ་དྭགས་པ་ཚོས་མྱོང་དགོས་ཤིང་། རྒྱ་གར་གཞུང་གིས་ངེས་པར་དུ་ལ་དྭགས་པའི་ཞི་བའི་ཐབས་ལམ་གྱི་སྐད་ཆ་དེ་གོ་ཐུབ་དགོས་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༣་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཊྲི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧི་མ་ཅལ་མངའ་སྡེའི་ཀུ་ལུ་གྲང་རྡལ་དུ་གར་ཞ་སྤི་ཏིའི་མཐུན་ཚོགས་ཀྱི་ཚོགས་མི་ཚོས་ཕྱི་ཚེས་༡༧་ཉིན་ཟས་བཅད་ངོ་རྒོལ་བྱས་ནས་ལ་དྭགས་པ་བསོད་ནམས་དབང་ཕྱུག་གི་ལས་འགུལ་རྒྱབ་སྐྱོར་བྱས། ཁོ་ཚོས་རྒྱ་གར་དབུས་གཞུང་གིས་ལ་དྭགས་པའི་དགོས་འདུན་སྒྲུབ་ཀྱི་མེད་པར་བློ་ཕམ་ཡོད། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་འབྲུ་དོན་ལྟར་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲད་ནས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས། རྒྱ་གར་གཞུང་གིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་མོས་མཐུན་མ་བྱས་པར་ཕྱི་ཟླ་༣་པའི་ཚེས་༦་ནས་བསོད་ནམས་དབང་ཕྱུག་གིས་ཟས་བཅད་ངོ་རྒོལ་བྱ་དགོས་བྱུང་བ་རེད་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། གར་ཞ་དང་སྤི་ཏི། ཁུ་ནུ་བ་ཚོས་ཀུ་ལུ་གྲོང་རྡལ་གཅིག་པུ་མིན་པར་རང་རང་གི་ས་གནས་ཁག་ཏུའང་ལ་དྭགས་པ་བསོད་ནམས་དབང་ཕྱུག་ལ་རྒྱབ་སྐྱོར་བྱས་ནས་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༡༨་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཏེ་ལན་གྷ་ན་མངའ་སྡེའི་ལས་འགུལ་བ་ཚོས་ལ་དྭགས་པ་བསོད་ནམས་དབང་ཕྱུག་ལ་རྒྱབ་སྐྱོར་བྱས་ནས་ཧེ་དྷ་ར་བྷ་དྷ་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ། རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་པ་འགའ་ཞིག་གིས་བསོད་ནམས་དབང་ཕྱུག་ལ་གདུང་སེམས་མཉམ་སྐྱེད་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་གནད་འགག་ཆེ། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འགན་ཁུར་ཙམ་མིན། ང་ཚོར་སའི་གོ་ལར་སྲུང་སྐྱོབ་བྱ་དགོས་པའི་འོས་འགན་ཡོད། ང་ཚོ་ཚང་མས་རྒྱ་གར་གཞུང་ལ་དགོས་ངེས་ཀྱི་སྲིད་ཇུས་རྣམས་འཕྲལ་དུ་ལག་ལེན་བསྟར་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་གསལ་བསྒྲགས་སྤེལ། གཟའ་སྤེན་པའི་ཉིན་ཎི་ཤ་ཀར་ཀིས་འགོ་ཁྲིད་པའི་རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་པ་༢༥་ཡིས་དྷར་ན་ཅཱོག་ཏུ་ཟས་བཅད་བྱས་འདུག

རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་པ་མ་དྷུ་ལི་ཀ་ཅོ་དྷ་རིས་ཆུ་བོ་ཐམས་ཅད་སྐམ་འགྲོ་བཞིན་ཡོད་པ་དང་ས་འོག་གི་ཆུ་ཡང་བསྐམས། ཤིང་སྡོང་བཙུགས་ཡོད་པ་རྣམས་གཅོད་འབྲེག་བྱས་ནས་ཁོར་ཡུག་འབག་བཙོག་བྱ་རྒྱུ་ནི་སྔར་ལས་ཚབས་ཆེ། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་བྱས་ན་ང་ཚོར་མ་འོངས་པར་ཅི་ཡང་ལུས་རྒྱུ་མ་རེད་ཅེས་བཤད་འདུག ༢༠༡༩་ལོར་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་ནས་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར། ཁ་སྔོན་ལྡི་ལི་གསར་པར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་དང་གླེའི་འགོ་གཙོ་ལྷན་ཚོགས། མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་པའི་གྲོས་མོལ་བྱས་ཀྱང་གྲུབ་འབྲས་མ་ཐོན། ལ་དྭགས་པ་ཚོས་རང་གི་ས་ཆའི་བདག་དབང་དང་རིག་གཞུང་། ལས་ཀའི་གོ་སྐབས་རྣམས་སྲུང་སྐྱོབ་བྱེད་ཐུབ་པའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG