ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༨

བྷ་ལིན་ཁེན་གྱིས་ཨ་མི་རི་ཀས་ཧྥི་ལི་ཕིན་ལ་སྲུང་སྐྱོབ་བྱ་རྒྱུ་བསྐྱར་དུ་བཟློས།


ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་ཧྥི་ལིན་ཕིན་གྱི་སྲིད་འཛིན་མར་ཀོ་སིས་
ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་ཧྥི་ལིན་ཕིན་གྱི་སྲིད་འཛིན་མར་ཀོ་སིས་

༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ནས་རྒྱ་ནག་གིས་ཧྥི་ལིན་ཕིན་ལ་དམག་འཁྲུག་བརྒྱབ་ན་ཨ་མི་རི་ཀས་ཧྥི་ལིན་ཕིན་ལ་སྲུང་སྐྱོབ་བྱ་རྒྱུ་ཉག་གཅིག་ཡིན་ཞེས་བསྐྱར་དུ་བཟློས། ཕྱི་ཟླ་༣་པའི་ཚེས་༢༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དང་ཧྥི་ལིན་ཕིན་གྱི་མཚོ་སྲུང་ཉེན་རྟོག་པ་ཚོས་མཚོ་ཁོངས་བརྩད་དེ་གྲུ་གཟིངས་ཁག་གིས་ཕན་ཚུན་གདོང་ཐུག་བརྒྱབ། རྒྱ་ནག་གི་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས་ཤིག་གིས་ཧྥི་ལིན་ཕིན་གྱི་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས་ཤིག་ལ་ཆུ་མདའ་བརྒྱབ་སྟེ་ཤེལ་སྒོ་བཅག ད་དུང་ཧྥི་ལི་ཕིན་གྱི་མཚོ་སྲུང་ཉེན་རྟོག་པ་ཞིག་ལ་རྨས་སྐྱོན་ཕོག་སྟེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཞི་བདེ་བརྟན་ལྷིང་མེད་པར་གྱུར། གཟའ་མིག་དམར་ཉིན་ཧྥི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་དང་ལྷན་དུ་རྒྱལ་ས་མ་ཎི་ལཱར་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གིས་མཚོ་ཐོག་གི་འགྲིམ་འགྲུལ་རང་དབང་འགོག་གི་ཡོད་པ་དང་ཧྥི་ལི་ཕིན་གྱི་དཔལ་འབྱོར་དམིགས་བསལ་མངའ་ཁོངས་སུ་ཧམ་འཛུལ། ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེའི་རྒྱ་མཚོའི་ནང་དུ་འཁྲུག་རྩོད་སློང་གི་འདུག་ཅེས་སྐྱོན་བཙུགས།།

ཨ་རིའི་གནམ་དམག་དང་མཚོ་དམག་གིས་རྟག་ཏུ་ལྷོ་རྒྱ་མཚོ་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱས་ཏེ་མཚོ་ཐོག་གི་འགྲིམ་འགྲུལ་རང་དབང་སྲུང་སྐྱོབ། ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་རྒྱལ་སྤྱིའི་མཚོ་ལམ་སྲུང་སྐྱོབ་བྱེད་པའི་དམག་སྦྱོང་ཚུགས། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་༡༩༥༡་ལོར་ཨ་མི་རི་ཀ་དང་ཧྥི་ལིན་ཕིན་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་ཆིངས་ཡིག་བཞག་ཡོད་པ་རེད། གལ་སྲིད་ཧྥི་ལི་ཕིན་གྱི་དམག་དང་མཚོ་སྲུང་ཉེན་རྟོག་པའི་གྲུ་གཟིངས། གནམ་གྲུ་དང་སྤྱི་དམངས་ཀྱི་གྲུ་གཟིངས་སོགས་ལ་རྒོལ་རྡུང་ཕོག་ཚེ། ཨ་མི་རི་ཀར་རྒྱལ་སྲུང་མཉམ་འབྲེལ་ཆིངས་ཡིག་གི་འབྲུ་དོན་ལྟར་ཧྥི་ལི་ཕིན་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད། ལྷོ་རྒྱ་ནག་རྒྱ་མཚོ་དང་ས་གནས་གང་དུ་ཡིན་རུང་ཨ་མི་རི་ཀས་ཧྥི་ལི་ཕིན་གྱི་དམག་ལ་རྒྱབ་སྐྱོར་དང་མཚོན་ཆ་མཁོ་སྤྲོད་བྱ་རྒྱུ་ཡིན། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། ཨ་རི་དང་ཧྥི་ལི་ཕིན་གཉིས་མཉམ་འབྲེལ་དམ་ཟབ་བྱེད་ཀྱི་ཡོད་པ་དེ་རྒྱལ་ཁབ་གཞན་ལ་དམིགས་པ་ཞིག་མིན་ཞེས་ནན་བརྗོད་བྱས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་ཧྥི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨེན་རི་ཁིའུ་མ་ན་ལོས་
ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་ཧྥི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨེན་རི་ཁིའུ་མ་ན་ལོས་

ཧྥི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨེན་རི་ཁིའུ་མ་ན་ལོས་ཀྱང་ང་ཚོར་རྩོད་གཞི་ཐམས་ཅད་ཞི་བའི་སྒོ་ནས་སེལ་འདོད་ཡོད། ཧྥི་ལི་ཕིན་གྱིས་དུས་དང་རྣམ་པ་ཀུན་ཏུ་རྩོད་གཞི་མཐའ་དག་ཕྱི་འབྲེལ་དང་ཞི་བའི་སྒོ་ནས་སེལ་དགོས་པའི་སྲིད་ཇུས་ཤིག་འཛིན་གྱི་ཡོད། ང་ཚོའི་སྲིད་ཇུས་དེར་འགྱུར་བ་མེད་ཅེས་ལངས་ཕྱོགས་གསལ་པོར་བསྟན། ༢༠༡༦་ལོར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་ཁོངས་དབྱིན་ལེ་གྲུ་བཞི་མ་ས་ཡ་༡་དང་འབུམ་༣་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་དབང་བརྩད། ཧྥི་ལི་ཕིན་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུགས་ནས་ཁ་མཆུ་ཐོབ་ཀྱང་རྒྱ་ནག་གིས་བཅད་ཁྲ་དེར་ངོས་ལེན་མ་བྱས། ༢༠༢༢་ལོར་ཧྥར་ཌི་ནན་ཌ་མར་ཀོ་སི་ཆུང་བར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ། སྲིད་འཛིན་མར་ཀོ་སིས་ཨ་མི་རི་ཀར་འབྲེལ་བ་དམ་ཟབ་བཙུགས་ཏེ་རྒྱ་ནག་ལ་རྒྱང་བཀྱེད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་ཧྲིལ་པོ་ཧམ་འཛིན་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་དྲག་པོ་བྱ་རྒྱུ་མགོ་བརྩམས།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅན་
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅན་

ཕྱི་ཟླ་༣་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅན་གྱིས་ཨ་མི་རི་ཀས་འཁྲུག་རྩོད་སློང་བའམ། ཡང་ན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞིའི་ཐོག་ཏུ་ཕྱོགས་འཛིན་བྱ་རྒྱུ་མཚམས་ཞོག ཨ་མི་རི་ཀ་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཆགས་མེད་པས་རྒྱ་ནག་དང་ཧྥི་ལིན་ཕིན་གྱི་མཚོ་ཁོངས་རྩོད་གཞི་ཞིག་ལ་ཨ་མི་རི་ཀར་ཐེ་ཇུས་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་དགག་པ་བརྒྱབ། གཟའ་ལྷག་པའི་ཉིན་ཧྥི་ལིན་ཕིན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ང་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ནི་ཁྲིམས་མཐུན་དང་འོས་བབ་ཡོད་པ་ཞིག་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེས་དོན་དངོས་ལ་སྣང་མེད་དང་རྒྱ་ནག་ལ་གཞི་རྩ་མེད་པའི་སྐྱོན་འཛུགས་བྱེད་ཀྱི་འདུག རྒྱ་ནག་ལ་ཨ་རི་དང་ཧྥི་ལིན་ཕིན་གྱི་རྒྱལ་སྲུང་མཉམ་འབྲེལ་ཆིངས་ཡིག་ཟེར་བ་དེས་སྡིགས་ར་སྐུལ་གྱི་ཡོད་ཀྱང་ང་ཚོས་མཐའ་གཅིག་ཏུ་དེ་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།

སྲིད་འཛིན་མར་ཀོ་སིས་སྲིད་དབང་བའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧྥི་ལི་ཕིན་ལ་མཚམས་འདྲིར་ཕེབས་པ་ཐེངས་གཉིས་པ་ཡིན་ཞིང་། གཟའ་མིག་དམར་ཉིན་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཕྱི་ཟླ་༤་པའི་ནང་སྲིད་འཛིན་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་ཀི་ཤི་དྷ་དང་ཧྥི་ལིན་ཕིན་གྱི་སྲིད་འཛིན་མར་ཀོ་སི་རྣམ་གཉིས་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ཏེ་ཕྱོགས་གསུམ་གྱི་དབུ་ཁྲིད་ཚོ་ལྷན་འཛོམས་གྲོས་མོལ་གནང་གི་ཡོད། རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་གསར་པ་ཞིག་གི་རྨང་གཞི་བརྟན་པོ་ཞིག་བཙུགས་ནས་དཔལ་འབྱོར་འཕེལ་རྒྱས་དང་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན། ཟ་འབྲུ་འདུ་འགོད་ཁག་ཐེག་དང་རྒྱལ་སྤྱིའི་ཁྲིམས་ལ་གོང་བཀུར་སོགས་ཐུན་མོང་གི་ལས་དོན་ཁག་གཙིགས་སུ་འཛིན་རྒྱུ་ཡིན་ཞེས་བཀྲལ། གཟའ་ཟླ་བའི་ཉིན་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་སྲིད་འཛིན་བྷ་ཌན་དང་ཉི་ཧོང་གི་སྲིད་བློན། ཧྥི་ལིན་ཕིན་གྱི་སྲིད་འཛིན་གསུམ་གྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་གྱི་བདེ་འཇགས་སྲུང་སྐྱོབ་ལའང་གྲོས་མོལ་བྱ་འཆར་ཡོད་ཅེས་བསྒྲགས།།

རྒྱ་ནག་གཞུང་གིས་ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱི་འདུག ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་ལམ་འགྲིམ་འགྲུལ་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཟེར་མོད། འོན་ཀྱང་དོན་དངོས་སུ་ཨ་རིའི་དམག་གྲུ་རྣམས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བཀག་འགོག་མེད་པར་འགྲུལ་བཞུད་བྱེད་ཆོག་པའི་རང་དབང་རྩོད་ཀྱི་ཡོད་པ་རེད། ཨ་མི་རི་ཀའི་དམག་གྲུ་དང་གནམ་གྲུ་རྣམས་རང་གི་ས་མཚམས་ནས་དབྱིན་ལེ་སྟོང་ཕྲག་མང་པོ་བརྒལ། ཁོ་ཚོ་རྒྱ་ནག་གི་སྒོ་འགྲམ་བར་དུ་ཡོང་ནས་འཁྲུག་རྩོད་སློང་གི་འདུག ཨ་མི་རི་ཀ་དང་ཧྥི་ལིན་ཕིན་གྱི་དམག་དཔུང་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་བདག་དབང་དང་མཚོ་ཁོངས་ལ་བརྩི་མེད། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་ལ་ཐོབ་སྐལ་ཡོད་པར་འགལ་འཛོལ་བྱེད་མི་ཆོག ཧྥི་ལིན་ཕིན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཁྲིམས་འགལ་གྱི་རྩོད་གཞི་ཞིག་སློང་གི་ཡོད་པ་རེད། རྒྱ་ནག་དང་ཧྥི་ལིན་ཕིན་གྱི་རྩོད་གཞི་དེ་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱིས་ཐག་གཅོད་བྱེད་ཐུབ། རྒྱ་ནག་གིས་སོ་སོའི་མངའ་ཁོངས་སྲུང་སྐྱོབ་ཐད་དགོས་ངེས་ཀྱི་སྲིད་ཇུས་ཁག་ལག་ལེན་བསྟར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

ཕྱི་ཟླ་༣་པའི་ཚེས་༡༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོ་ཧྥི་ལིན་ཕིན་གྱི་སྲིད་འཛིན་མར་ཀོ་སིས་༡༩༥༡་ལོར་ཨ་རི་དང་ཧྥི་ལི་ཕིན་གཉིས་ཀྱིས་མིང་རྟགས་བཀོད་པའི་རྒྱལ་སྲུང་མཉམ་འབྲེལ་ཆིངས་ཡིག་ལ་ཨ་མི་རི་ཀས་རྩ་འཛིན་བྱ་རྒྱུ་ཡིན་མིན། ཧྥི་ལིན་ཕིན་ལ་རྒོལ་རྡུང་བྱུང་ན་ཨ་མི་རི་ཀས་སྲུང་སྐྱོབ་བྱ་རྒྱུ་ཡིན་ནམ་ཞེས་དྲིས། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་སྲིད་འཛིན་བྷ་ཌན་དང་ཉི་ཧོང་གི་སྲིད་བློན། ཧྥི་ལི་ཕིན་གྱི་སྲིད་འཛིན་གསུམ་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་བཙན་དྲག་བཀོལ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་བཅས་ལ་གྲོས་མོལ་བྱ་འཆར་ཡོད། ཨ་མི་རི་ཀ་ཧྥི་ལི་ཕིན་གྱི་རྒྱབ་རྩར་ལང་རྒྱུ་དང་ང་ཚོས་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་རྩ་འཛིན་བྱ་རྒྱུ་ཡིན། རྒྱ་ནག་གིས་ཡང་ནས་ཡང་དུ་རྒྱལ་སྤྱིའི་ཁྲིམས་དང་ཧྥི་ལི་ཕིན་གྱི་ཐོབ་ཐང་ལ་བརྩི་མེད། རྒྱ་ནག་གིས་ཆུ་མདའ་བརྒྱབ་པ་དང་མཚོ་ལམ་འགོག་གི་ཡོད་པར་ང་ཚོ་བློ་འཚབ་ཡོད་ཅེས་གསར་འགོད་ལྷན་ཚོགས་ཐོག་ཏུ་བཤད་འདུག

ཨ་རི་དང་ཧྥི་ལི་ཕན་གཉིས་ཀྱིས་༢༠༡༤་ལོར་རྒྱལ་སྲུང་གི་གྲོས་མཐུན་གསར་པ་ཞིག་བཞག་ནས་ཧྥི་ལི་ཕིན་གྱི་ས་ཐོག་ཏུ་ཨ་རིའི་དམག་སྒར་མང་དུ་གཏོང་རྒྱུའི་ཐག་བཅད། ཟླ་བ་རྗེས་མར་ཨ་རི་དང་ཧྥི་ལི་ཕིན་གྱི་དམག་གིས་མཉམ་འབྲེལ་དམག་སྦྱོང་ཆེན་པོ་ཞིག་འཆར་ཡོད་པར་མ་ཟད། དམག་སྦྱོང་བྱ་ཡུལ་དེ་ཐེ་ཝན་གྱི་ཉེ་འཁྲིས་བར་དུ་རྒྱ་བསྐྱེད། ན་ནིང་ཕྱི་ཟླ་༡༢་པའི་ནང་ཧྥི་ལི་ཕིན་གྱིས་ཐེ་ཝན་དང་རྒྱང་ཁད་སྤྱི་ལེ་༤༠༠་ལས་མེད་པའི་མཚམས་སུ་ཆགས་པའི་ཀ་མཱི་ལོ་གླིང་ཚོམ་ཨ་མི་རི་ཀའི་མཚོ་དམག་ལ་གླས། ཨ་མི་རི་ཀས་གླིང་ཚོམ་དེ་མཚོ་དམག་གི་ལྟེ་གནས་ཆེན་པོ་ཞིག་ལ་བསྒྱུར་ཏེ་གནམ་གྲུ་འབབ་ཐུབ་པ་དང་དམག་དཔུང་འགྲེམ་འཇོག་བྱེད་ཐུབ་པའི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་འགོ་ཚུགས། ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་འགག་སོགས་གང་དུ་དམག་འཁྲུག་ལངས་ཀྱང་ཧྥི་ལི་ཕིན་གྱི་བྱང་ཕྱོགས་གླིང་ཚོམ་དེ་ཨ་མི་རི་ཀའི་དམག་དཔུང་དང་ཨེ་ཤི་ཡའི་བདེ་འཇགས་སྲུང་སྐྱོབ་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG