ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་བ་ཆེན་པོ་ཐེབས་བཞིན་ཡོད་པའི་བརྡ་བཏང་ཡོད་པ།


བོད་མཐོང་སྒང་གི་གཏན་འཇགས་འཁྱགས་རོམ་ཁག་ཧ་ཅང་མྱུར་པོ་ཞུར་བཞིན་ཡོད་ལུགས་ཁོར་ཡུག་གི་ཐད་ཚན་རིག་པ་ཚོས་མཐའ་བསྡོམས་བརྒྱབས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། འདས་པའི་ལོ་ངོ་༦༥ ནང་བོད་ནང་གི་འཁྱགས་རོམ་བརྒྱ་ཆ་༡༨ ཙམ་བཞུར་ཟིན་ཡོད་པ་ཚན་རིག་པ་ཚོས་མུ་མཐུད་འགྲེལ་བརྗོད་བྱེད་གྱིན་འདུག བོད་མཐོ་སྒང་ལ་གཏན་འཇགས་འཁྱགས་རོམ་སྟོང་ཕྲག་མང་པོ་ཡོད་པ་དེ་ཚོས་རྒྱ་ནག་དང་རྒྱ་གར་གཙོ་བོར་འགྱུར་བའི་ཨེ་ཤེ་ཡའི་མི་གྲངས་ཐེར་འབུམ་༢ ཙམ་ལ་འཐུང་ཆུ་མཁོ་སྤྲོད་ཐུབ་ཀྱི་ཡོད་པ་དང་། འོན་ཏེ། འདས་པའི་ལོ་ངོ་༥༠ རིང་བོད་ནང་གི་འཁྱགས་རོམ་གྱི་ཚ་ཚད་དེ་ དེའི་སྔོན་གྱི་ལོ་ངོ་ཉིས་སྟོང་གོང་གི་དྲོད་ཚད་ལས་ཀྱང་མང་བ་འཕར་ཡོད་ལུགས་ཚན་རིག་པ་ཚོས་འགྲེལ་བརྗོད་གནང་འདུག རྒྱ་ནག་སྤྱི་ཚོགས་ཉམས་ཞིབ་ལྟེ་གནས་ཁང་གི་བོད་མཐོ་སྒང་གི་ཉམས་ཞིབ་སྡེ་ཚན་གྱིས་ཟླ་ཤས་གོང་སྙན་ཐོ་བཏོན་པའི་ནང་གསལ་གཞིགས་ན། དུས་རབས་འདིའི་ནང་ བོད་མཐོ་སྒང་གི་ཚ་དྲོད་དང་ཞ་ཚན་མུ་མཐུད་འཕར་རྒྱུའི་ཚོད་དཔག་བྱས་ཡོད་པ་དང་། འདིའི་རྐྱེན་གྱིས་བོད་ཀྱི་འཁྱགས་རོམ་ཁག་གི་བཞུར་ཚད་མགྱོགས་སུ་འགྲོ་རྒྱུ་དང་། བོད་ནང་གི་ས་གནས་མང་པོ་ཞིག་བྱེ་ཐང་ལ་འགྱུར་འགྲོ་རྒྱུའི་ཚོད་དཔག་བྱས་འདུག དེ་བཞིན། འདས་པའི་ལོ་ངོ་༥༠ ཙམ་གྱི་རིང་ བོད་མཐོ་སྒང་གི་ཚ་དྲོད་དེ་འཛམ་གླིང་སྤྱིའི་ཚད་དྲོད་ལས་ལྡབ་གཅིག་འཕར་ཡོད་ལུགས་ གོང་ཞུས་ཞིབ་འཇུག་སྙན་ཐོའི་ནང་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།

XS
SM
MD
LG