ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རུང་རྒྱས་ཨ་གྲགས་ལགས་ཀྱི་གནས་སྟངས་དང་མཚོན་དོན།


ཕྱི་ལོ་༢༠༡༥་ཟླ་༨་ཚེས་༣་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། རུང་རྒྱས་ཨ་གྲགས་ལགས་ལོ་བརྒྱད་བཙོན་འཇུག་གི་ཁྲིམས་ཆད་དུས་ཡུན་གཙང་ནས་གློད་བཀྲོལ་བཏང་བའི་མཚོན་དོན་དང་ད་ལྟའི་གནས་སྟངས་ཐད་བོད་མི་མང་སྤྱི་འཐུས་ལི་ཐང་འཇམ་དབྱངས་བཟོད་པ་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

འཇམ་དབྱངས་བཟོད་པ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལ། རྒྱ་ནག་གཞུང་གིས་ཕྱི་ཟླ་བདུན་པའི་ཚེས་༣༠་ཉིན་གྱི་མཚན་གུང་ཡོལ་རྗེས་རུང་རྒྱས་ཨ་གྲགས་ལགས་ཁྱིམ་དུ་བསྐྱལ་ཏེ་ཁྱིམ་མི་རྣམས་ལ་ཕེབས་བསུ་བྱས་མི་ཆོག་པ་དང་། མི་གཉིས་སམ་དེའི་ཡན་ཞིག་མཉམ་དུ་ཁོང་ལ་བལྟ་བར་བཏང་མི་ཆོག་པ་སོགས་ཀྱི་བཀའ་ཁྱབ་བཏང་བར་མ་ཟད། ད་ལྟ་དམག་མི་དང་ཉེན་རྟོག་མི་སྣ་སོགས་ཀྱིས་གྲོང་སྡེའི་ཕྱི་ནང་དུ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཟེར།།

རུང་རྒྱས་ཨ་གྲགས་ལགས་ཀྱི་གཟུགས་པོའི་གནས་སྟངས་ཐད་དེ་སྔོན་བཙོན་ཁང་དེ་ནས་གློད་བཀྲོལ་ཡོང་མཁན་རྣམས་ཀྱིས་བརྗོད་པ་ལྟར་ན། བཙོན་པར་ཉེས་པ་གཏོང་ཞིང་ཆ་རྐྱེན་ཞན་པ། རུང་རྒྱས་ཨ་གྲགས་ལགས་ཀྱི་གཟུགས་པོ་དེ་སྔོན་ནས་སྐྱོ་བོ་ཡིན་པ་བཅས་ལ་བརྟེན་ནས་སྨན་བཅོས་ཀྱི་གོ་སྐབས་སྤྲོད་དགོས་ཞེས་ལི་ཐང་འཇམ་དབྱངས་བཟོད་པ་ལགས་ཀྱིས་རེ་བ་བཏོན་ཡོད།།

སྤྱི་འཐུས་ཁོང་གིས་མུ་མཐུད་བརྗོད་དོན་ལ། ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་དུ་གྲོངས་པའི་ཐད་ས་གནས་སུ་མི་མང་ཁོང་ཁྲོ་ལངས་ཡོད་པ་ཞི་འཇམ་དུ་གཏོང་བའི་ཆེད་དང་། བཙོན་འཇུག་གི་དུས་ཡུན་གཙང་བ་གཉིས་མཉམ་དུ་འཁེལ་ནས་རུང་རྒྱས་ཨ་གྲགས་ལགས་དུས་ལྟར་གློད་བཀྲོལ་བཏང་བ་འདྲ་ཞེས་གསུངས་ཡོད།། རུང་རྒྱས་ཨ་གྲགས་ལགས་ཀྱིས་ཕྱི་ལོ་༢༠༠༧་གྱི་ཟླ་༨་ཚེས་༡་ཉིན་ལི་ཐང་རྟ་རྒྱུགས་ཐོག་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་པ་དང་། བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་པ་དང་། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་འབོད་ཚིག་དེ་དག་བོད་ཆོལ་ཁ་གསུམ་དུ་བརྒྱབ་པ་རེད། རྟ་རྒྱུགས་ཐོག་འབོད་ཚིག་བསྒྲགས་པ་ལ་བརྟེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་ལོ་བརྒྱད་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG